རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།

སྔོན་སྤེལ་ཟིན་བྲིས།

ཟླ་རེའི་ཟིན་བྲིས་སྤེལ་གྲངས།

ཟིན་བྲིས་གསར་ཤོས་གྲངས་བཅུ།

བོད་མིའི་སེམས་ཀྱི་མར་ལོ།

ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com
Saturday, October 30, 2010
རྩོམ་རིག་གི་བརྗོད་བྱ་ལས་གནའ་དེང་གི་རྩོམ་རིག་གླེང་བ།
ཐོག་མའི་གཏམ།
དེ་རིང་ངས་འདིར་མཐོ་བ་དང་དམའ་བ། ཆེན་པོ་དང་ཆུང་ངུའི་དབྱེ་འབྱེད་མེད་པར་འདིར་འཛོམས་ཀྱི་ཆོས་གྲོགས་ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་སྔོན་དུ་བཏང་བའི་སྒོ་ནས་བགྲོ་གླེང་རྩོམ་ཤོག་སྒྲོག་རྒྱང་བྱེད་ཀྱི་ཡིན།སྤྱིར་བཏང་ཕྲན་ན་མཚོན་ན་རང་ངོ་རང་གིས་མི་ཟིན་རྒྱུ་མེད།ཤེས་ཡོན་གྱིས་དབུལ་བའི་སྐྱེ་བོ་ཐ་མལ་བ་ཞིག་ཡིན།མི་མང་གི་དབུས་སུ་གཏམ་བཤད་འཐེན་རྒྱུ་ལབ་ན།རང་ངོ་ཚ་རྒྱུ་དང་གཞན་གད་མོ་འཆོར་རྒྱུ་ལས་མ་མཆིས། ཡིན་ནའང་། རང་ཉིད་རྩོམ་རིག་ལ་དུང་བ་ཟབ་པའི་རྐྱེན་གྱིས་བོད་ཕྱི་ནང་གི་དུས་དེབ་དང་ཚགས་པར།དྲ་རྒྱ་བཅས་སུ་རྩོམ་ཡིག་ཁག་ཅིག་སྤེལ་བ་ལས།འདི་ལྟ་བུའི་མི་མང་འཛོམས་ས་ནས་རྩོམ་རིག་སྐོར་གྱི་བགྲོ་གླེང་ཞེས་སྒྲོག་འཇོག་རྒྱུ་ཅིག་མེད་པ་ཤེས་གསལ་རེད།འོན་ཀྱང་རིག་གནས་འཆད་འཁྲིད་ཀྱི་དགེ་རྒན་ཆེན་མོ་དང་རྩོམ་རིག་ལ་བྱང་ཆུབ་མཁན་འགའ་རེས་ཁེངས་བསྐྱུངས་བྱེད་ཁུལ་བྱས།

ཐོག་མའི་གསལ་བཤད་ནི།དེ་རིང་བཤད་རྒྱུའི་སྐད་ཆ་འདི་དག་ངས་གསར་དུ་ཤེས་པ་དང་རྙེད་པ་ཞིག་མིན་པར།རང་ཉིད་རྩོམ་རིག་ལ་དུང་མཁན་ཞིག་གི་ངོས་ནས་དཔེ་དེབ་གང་མང་བཀླགས་མྱོང་ལ་དེ་དག་གི་ནང་གི་རང་བློར་འབབ་པ་དག་ཕྱོགས་གཅིག་ཏུ་སྤུངས་པ་ཞིག་ཡིན།ཕྲན་ལ་ཐེངས་འདིར་སྤྲད་པའི་བརྗོད་གཞི་ནི།བོད་ཕྱི་ནང་གཉིས་ཀྱི་རྩོམ་ཡིག་གི་བརྗོད་བྱ་དང་དེས་མཛེས་རྟོག་སྐྱེད་ཉམས་ཀྱི་ཐད་དུ་དཔྱད་པ་བྱེད་རྒྱུ་ཞེས་གནང་འདུག་འདི་བཤད་པ་ལ་དོན་ཚན་གསུམ་ལས།དང་པོ།བོད་ཕྱི་ནང་གི་རྩོམ་ཡིག་གི་བརྗོད་བྱ་སྤྱི་ལྡོག་ནས་ངོས་བཟུང་ན།དགའ་སྐྱོ་ཆགས་སྡང་ལས་མ་འདས།དེ་ཡང་ཡིན་ཏེ་འདས་པའི་དུས་སུ་དེ་གསུམ་གང་རུང་དུ་མ་འདུས་པ་ཞིག་བྱུང་མ་མྱོང་ལ།ད་ལྟའི་དུས་སུ་ཡང་བྱུང་མེད།མ་འོངས་པའི་དུས་སུ་ཡང་འབྱུང་མི་སྲིད།དེ་ཡང་བསྡུ་ན་བདེན་པ་དང་རྫུན་པ་གཉིས་སུ་ངེས་སོ།།འོན་ཀྱང་བོད་ཕྱི་ནང་གཉིས་ཀྱི་རྩོམ་ཡིག་གི་བརྗོད་བྱ་ལ་ཁྱད་པར་ཅུང་ཙམ་ཡོད་དེ།བོད་ནང་གི་རྩོམ་ཡིག་མང་ཆེ་བར་ཆབ་སྲིད་ཀྱིས་ལྷད་ཞུགས་མེད་པ་དང་། བྱེས་ཀྱི་རྩོམ་ཡིག་ཕལ་ཆེ་བའི་ནང་དུ་ཆབ་སྲིད་ཀྱིས་ལྷད་ཞུགས་ཡོད། གཉིས་པ།རྩོམ་རིག་གི་བརྗོད་བྱ་ལས་གནའ་དེང་གི་རྩོམ་རིག་འཕེལ་རིམ་གླེང་བ།  གནའ་དེང་གི་རྩོམ་རིག་ཅེས་ཁྱད་པར་འབྱེད་བྱེད་ནི། ཕྲན་གྱི་རྨོངས་བློར་ཤར་ཚུལ་ལྟར་ན་བརྗོད་བྱ་ལ་ལྟོས་ནས་འཇོག་དགོས་དེ།སྐབས་བབ་སྤྱི་ཚོགས་ཀྱི་འཚོ་བ་དང་ཁོར་ཡུག ཡུལ་སྲོལ་གོམས་གཤིས་དང་མིའི་སྒྲ་རྟོག་གི་སྣང་ངོར་འཆར་བ་དག་ལ་ཚིག་རྒྱན་སྤྲས་ནས་གྲུབ་པ་ལ་རྩོམ་རིག་ཅེས་འདོད་པ་འདྲ། དེང་རབས་བོད་ཀྱི་དཔྱད་བརྗོད་པ་ཆེན་མོ་བདུད་ལྷ་རྒྱལ་གྱིས།རྩོམ་རིག་དང་སྤྱི་ཚོགས་དང་།རྩོམ་རིག་དང་དངོས་ཡོད་བར་གྱི་འབྲེལ་བ་དམ་པོ་འདི་རྩོམ་རིག་རང་གི་ཆོས་ཉིད་ཡིན་པས་འདི་ལ་ང་ཚོར་མི་མཐུན་པ་གང་ཡང་ཡོད་པ་མ་ཡིན།དེ་བས་ན།རྩོམ་འབྱུང་ལོ་རྒྱུས་ལ་དུས་ཀྱི་དབྱེ་བ་ཕྱེ་དུས་ཀྱང་རྩོམ་རིག་རང་གི་ནང་དོན་ནམ་རྩོམ་རིག་གི་མཚོན་བྱར་གྱུར་བའི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་བྱ་གཞག་གལ་ཆེན་དག་ཡལ་བར་དོར་མི་རུང་།ཞེས་གསུངས་པ་འདི་གཞི་བཅོལ་ཏེ་གླེང་ན།གནའ་སྔ་མོ་བོད་ལ་ངག་ཐོག་རྩོམ་རིག་ལས་ཡིག་ཐོག་རྩོམ་རིག་དར་མེད་དེ་།འཇིག་རྟེན་གྱི་རྩོམ་རིག་ལ་སྔ་བ་སྙན་ངག་དང་།སྙན་ངག་གི་གདོད་མའི་འབྱུང་ཁུངས་དམངས་གླུ་ཡིན་པར་རྩོམ་རིག་ལོ་རྒྱུས་སྨྲ་བ་ཐམས་ཅད་ཁ་འཆམ་པའི་ལྟ་ཚུལ་ཡིན་ལ།དེའི་དབང་དུ་བྱས་ན།མཐོ་སྒང་དུ་གནས་པའི་བོད་མི་རིགས་འདི་ལ་ལོ་རྒྱུས་ཀྱི་ཡ་མཐའ་མི་ཟིན་པའི་གནའ་སྔ་མོ་ཞིག་ཉེར་འཚོའི་མཐུན་རྐྱེན་སྒྲུབ་པའི་ཐབས་ཤེས་དང་།རིགས་མཐུན་མི་ཡི་འགྲོ་བར་འབྲེལ་འདྲིས་བྱེད་པའི་བརྡ་སྐད་རིག་གནས་སོགས་ཀྱང་ཚད་ངེས་ཅན་ཞིག་ཡོད་པར་རྗེས་སུ་དཔོག་ཅིང་།འཚོ་བའི་སྐྱིད་སྡུག་གཅིག་ཏུ་གནས་པའི་མི་རྣམས་ཕན་ཚུན་སེམས་ཀྱི་དགའ་སྐྱོ་ཆགས་སྡང་སོགས་མཚོན་པའི་གླུ་དང་བྲོ་གར་སོགས་ཀྱང་གདོད་མའི་དུས་ནས་བྱུང་བར་མི་ཡི་འགྲོ་བའི་ཆགས་རིམ་གྱི་སྤྱི་བབས་སུ་སྣང་ལ།བོད་ཀྱི་དམངས་གླུ་ཕྱོགས་ནས་བཤད་ན།གྲངས་དང་རྣམ་པ་མང་བ།སྒྱུ་རྩལ་ཆུ་ཚད་མཐོ་བ་དང་།དམངས་ཁྲོད་དུ་དར་ཆེ་བའི་ཆ་ནས་འགྲན་ཟླ་མེད་པའི་ཚོད་དུ་སྣང་།དམངས་གླུ་མང་པོ་ཞིག་ཡི་གེ་མེད་པའི་གོང་རོལ་ནས་མི་རབས་མི་ཐོག་ཁ་ནས་ཁར་བརྒྱུད་དེ་འོང་བ་ཤ་སྟག་རེད།ཟད་མཐའ་མེད་པའི་དམངས་གླུ་དེ་རིགས་གནའ་ནས་ད་ལྟའི་བར་བོད་མི་དམངས་ཀྱི་སེམས་ཀྱི་དགའ་སྐྱོ་མཚོན་པའི་སྙན་ངག་ཡིན་པར་མ་ཟད།ཕྱིས་སུ་དར་བའི་ཡིག་ངོས་སྙན་ངག་གི་འབྱུང་ཁུངས་ཡང་ཡིན་པར་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་བར་ནུས་སོ།།ཞེས་ཨ་ལགས་དོར་ཞི་ནས་བྲིས་འདུག་གོ འདས་པའི་ལོ་ངོ་ལྔ་དྲུག་གི་སྔོན་དུ་གདན་ས་ན་རིག་གནས་འཆད་འཁྲིད་ནི་ལྐོག་ནས་སློབ་རྒྱུ་ཞིག་ལས་དངོས་སུ་སློབ་རྒྱུ་ཞིག་མ་རེད།ད་དུང་རྩོམ་འབྲི་མཁན་ཁག་ཅིག་ཡོད་པ་ལ་རྩོམ་པ་པོ་དང་མཁས་དབང་ཞེས་ཟུར་ཟ་བྱས་ཏེ་སྤྱི་ཚོགས་ཀྱིས་གནོད་ཤུགས་དང་།ལས་སྣེ་སོགས་ཀྱིས་གནོད་ཤུགས་བྱས་ཡོད་པ་རེད།དེ་བཞིན་ཚན་རིག་དང་དེང་དུས་འཛམ་གླིང་གི་སྤྱི་སྐད་ལྟ་བུར་ཆགས་པའི་དབྱིན་སྐད་སྦྱངས་རྒྱུ་ལབ་ན།དེ་ནི་སངས་རྒྱས་བསྟན་པ་བཤིག་མཁན་ཞིག་ལ་ངོས་འཛིན་པ་དང་སློབ་གཉེར་ཉམ་ཆགས་འགྲོ་བྱེད་ཀྱི་རྒྱུ་རྐྱེན་དུ་འགྲེལ་ངེས་ཡིན།དེར་མ་ཟད་དགེ་བསྐོས་འགའ་རེས་ལས་དོན་ཆུང་ཚེག་ཅིག་གི་ཐད་དུ་དགུ་ཟློག་རྒྱག་མྱོང་ལ།དགོན་པ་ནས་ཚགས་པར་དང་དུས་དེབ་བཙོང་མི་ཆོག་པའི་སྒེར་གཅོད་ཀྱི་ཁྲིམས་ཤིག་ཀྱང་བཟོས་པ་རེད།དེ་ནི་ང་ཚོ་ཀུན་གྱིས་བརྗེད་མེད་པ་ཞིག་དང་བརྗེད་མི་འོས་པ་ཞིག་ཡིན།དེང་གི་དུས་སུ་སྟེང་གི་མཁན་རིན་པོ་ཆེ་དང་ཁྲིམས་བདག་དགེ་བསྐོས་སོགས་ལས་སྣེ་ཆུང་འབྲིང་ཆེ་གསུམ་གྱིས།རང་གི་སྐད་ཡིག་དང་སུམ་རྟགས་དག་གསུམ།རྩོམ་རིག་བཅས་སྦྱངས་པ་ལ་ཁོར་ཡུག་རྒྱ་ཆེན་བསྐྲུན་ཡོད་པ་རེད།ཚན་རིག་དང་འཛམ་གླིང་གི་སྤྱི་སྐད་ལྟ་བུའི་དབྱིན་སྐད་སྦྱངས་པ་ལ་དགག་བྱ་མེད་པ་མ་ཟད།བསྟོད་ར་འཐེན་ཤེས་པའི་གུ་ཡངས་དཀྱིལ་ཡངས་ཀྱི་དུས་ཤིག་ཏུ་སླེབས་པ་རེད།ལྷག་པར་ཐེངས་འདིར་ཆོས་འཇིག་རྟེན་གཉིས་ཀྱི་ཐད་དུ་ཁྲིམས་བདག་དགེ་བསྐོས་དང་གདན་ས་འདིར་རིག་གནས་འཆད་འཁྲིད་ཀྱི་ལས་འགུལ་ཐོག་མར་སྤེལ་མཁན་ལྗང་རླུང་རྩོམ་སྒྲིག་ཁང་གཉིས་ཀྱིས་བགྲོ་གླེང་ཆེན་མོ་འདི་གོ་སྒྲིག་གནང་བ་རེད།དེའི་ནང་གི་རྩོམ་རིག་སྐོར་གྱི་བརྗོད་གཞི་འདི་བོང་བུའི་རྒྱབ་ལ་གསེར་སྒ་ཞེས་པའི་དཔེ་ལྟར་བླུན་པོ་ངའི་ཕྲག་ཏུ་བཞག་པ་རེད།ངས་དེང་ལེན་བྱས་ན་རང་ལ་མི་འཚམ་པ་ཧ་གོ་ཡོད།འོན་ཀྱང་ངས་ངོ་ཚ་ལ་འཛེམས་ཏེ་རྩོམ་རིག་སྐོར་གྱི་བརྗོད་གཞི་འདི་ལྷག་ན་ཕངས་སོ་བསམ་སྟེ།ཐེག་ཏུ་དཀའ་བའི་ངོ་ཚོ་ལྟག་རྒྱབ་ཏུ་གཡུགས་ཏེ་རང་གིས་ཤེས་ཚོད་འཇོན་ཚོད་ཀྱི་སྒོ་ནས་སྐད་ཆ་ཚིག་འགའ་བཤད་རྒྱུ་ཡིན།གནའ་བོའི་ངག་ཐོག་རྩོམ་རིག་གི་འཕེལ་རིམ་གླེང་བ།གནའ་བོའི་ངག་ཐོག་རྩོམ་རིག་འདི་ཡིག་ངོས་ཀྱི་རྩོམ་རིག་གི་ཐོན་ཁུངས་དང་།ནང་ཆོས་ཀྱི་ཐ་སྙད་བེད་སྤྱོད་བཏང་ན་རྫས་རྒྱུན་ལྟ་བུ་བྱས་ནས་སླེབས་འདུག ངས་འདིར་ངག་ཐོག་རྩོམ་རིག་གི་བྱུང་རིམ་གླེང་ན། ངག་ཐོག་རྩོམ་རིག་ནི་མདོར་བསྡུས་ན་མགུར་གླུ་རེད། གླུ་རེད། འདི་གཉིས་ལ་ཞེ་ཚིག་གི་ཁྱད་པར་ལས་དོན་གྱི་རྣམ་གྲངས་གཅིག་ཡིན།བོད་བཙན་པོའི་གདུང་རབས་དགུ་པ་པུ་དེ་གུང་རྒྱལ་གྱིས་རང་གི་དགྲ་བོ་ཆམ་ལ་ཕབས་ནས་སླར་རྒྱལ་ཁྲིར་བཞུགས་སྐབས་མགུར་གླུ་བླངས་པ་དེ་ནི་མགུར་གླུའི་ཆེས་ཐོག་མར་བགྲང་ནས་རིམ་གྱིས་དམངས་ཁྲོད་དུ་བརྗོད་བྱ་འདྲ་མིན་གྱི་མགུར་གླུ་བྱུང་བ་རེད།དེ་ནས་མེ་ལོང་མ་བོད་བསྒྱུར་བྱས་པ་ནས་བཟུང་སྟེ་བོད་ཀྱི་མགུར་གླུ་ལ་མངོན་བརྗོད་དང་བརྡ་རྙིང་གིས་བཅིངས་པས་སྙན་ངག་གོ་དཀའ་བ་ཞིག་གི་ངོ་བོར་གྱུར་བ་རེད།མགུར་གླུ་ནི་དམངས་ཁྲོད་ཀྱི་ངག་ཐོག་ནས་ཐད་ཀར་ཐོན་པ་དང་ཁ་སྐད་དང་ཧ་ཅང་མཐུན་པས་ཤེས་ཡོན་གྱི་འདང་མིན་ལ་ལྟོས་མི་དགོས་པར་ཀློག་པ་པོ་ཚོས་རྟོགས་སླ་ལ་གོ་བདེ་བའི་ཁྱད་ཆོས་ཡོད།པུ་དེ་གུང་རྒྱལ་བྱོན་ནས་ད་བར་སྤྱི་ལོ་སྟོང་གཅིག་ལྷག་སོང་ཡོད་ལ་གནའ་རབས་མགུར་གླུ་ལ་ཡང་དེ་བཞིན་སོང་ཡོད།མགུར་གླུ་དེ་དག་ལ་ཚིག་རྐང་དོ་མཉམ་མི་མཉམ་ཅི་རིགས་དང་ཚེག་ཁྱིམ་གཉིས་ཅན་ནས་སུམ་ཅུ་བར་ཅན་སོགས་ཡོད།མགུར་གླུ་ནི་མང་ཚོགས་ཀྱི་ངག་ཐོག་ནས་རང་རང་གི་ཁོར་ཡུག་དང་འཚོ་བའི་ཁྲོད་ཀྱི་མྱོང་ཚོར་སོགས་ངག་གི་ལམ་ནས་གང་འདོད་དུ་ཕྱིར་མངོན་པ་ཞིག་ཡིན་པས་དེ་ལ་གཞི་འཛིན་སའི་ཚད་ལྡན་གྱི་གཞུང་ཞིག་ཚད་མར་འཛིན་ས་མེད། གཞན་ཡང་གནའ་རབས་མགུར་གླུའི་རྩོམ་ཉམས་དང་བརྗོད་སྟངས་ལ་བརྟགས་ན།ང་ཚོ་གདོང་དམར་བའི་སེམས་ཁམས་འདི་ན་གནའ་སྔ་མོ་ནས་རྩོམ་རིག་གི་རྒྱུ་ཆ་ཕུན་སུམ་ཚོགས་པ་བག་ཉལ་གྱི་ཚུལ་དུ་གནས་ཡོད་པ་ཤེས་ཐུབ།དེ་ནི་ཁོ་ཚོས་ཤེས་རིག་གི་འོད་སྣང་གང་ཡང་མེད་པའི་གནའ་གདོད་མའི་དུས་ནས་ངག་ཐོག་ནས་ཐོན་པའི་མགུར་གླུ་འདི་དག་གི་ཁྲོད་ནས་མགུར་གླུ་ཁག་ཅིག་ནི་སྙན་གཞུང་མེ་ལོང་མའི་རང་བཞིན་བརྗོད་པའི་རྒྱན་གྱིས་སྤུད་དེ་བརྗོད་བྱ་བསྟན་པ་དང་།ཡང་ཁག་ཅིག་ནི་མཚོན་བྱའི་དོན་དཔེ་ཅན་དེ་དངོས་སུ་མ་སྨོས་པར་མཚོན་བྱེད་དཔེ་བཀོད་ནས་བརྗོད་བྱའི་དོན་ཤུགས་ཀྱིས་རྟོགས་པར་བྱེད་པ་བསྡུས་བརྗོད་ཀྱི་རྒྱན་དུ་སོང་བ་དང་།དེ་བཞིན་རབ་གཏགས་སོགས་རྒྱན་གཞན་དུ་སོང་བ་མང་བས་འདིས་གོང་སྨོས་ཀྱི་རྒྱུ་མཚན་གསལ་བཤད་བྱེད་ཐུབ་པ་མ་ཟད།གལ་ཏེ་སྙན་གཞུང་མེ་ལོང་མ་བོད་དུ་བསྒྱུར་མེད་པའི་དབང་དུ་བཏང་ཡང་ད་ལྟ་ང་ཚོའི་མིག་སྔར་སྙན་གཞུང་མེ་ལོང་མ་དང་དབྱེར་མེད་མ་མཆིས་པའམ་ཡང་ན་དེ་ལས་འཕགས་པའི་གཞུང་ཞིག་བོད་རང་གིས་གསར་དུ་བརྩམ་པའམ་ཡང་ན་བསྡུ་བསྒྲིགས་བྱས་པ་ཞིག་ལག་རྙེད་བྱུང་ཡོད་པའི་ཁ་ཚོན་གཅོད་ཐུབ།མགུར་གླུའི་ཐོག་མ་བོད་བཙན་པོའི་གདུང་རབས་དགུ་པ་པུ་དེ་གུང་རྒྱལ་དུ་བརྗོད་པ་ནི་དེང་སང་དངོས་མཇལ་དུ་གྱུར་བའི་ལོ་རྒྱུས་ཀྱི་ཡིག་ཚང་གཞིར་བྱས་པ་ཡིན་ལ།གལ་ཏེ་ཕྱིས་ཀྱང་ལོ་རྒྱུས་ཀྱི་ཡིག་ཚང་ཁུངས་ཐུབ་དང་གནའ་རྫས་སོགས་ཀྱི་དཔང་པོ་འགངས་ཆེན་རྙེད་ན་མགུར་གླུའི་ཐོག་མ་བོད་རྒྱལ་དགུ་པའི་སྐབས་ཡིན་དགོས་པའི་ངེས་པ་མེད་དེ། དེ་ཡི་སྔོན་དུ་བོད་ལ་མགུར་གླུ་མེད་པའང་སུས་ཁ་ཚོན་གཅོད་ནུས།པུ་དེ་གུང་རྒྱལ་གྱིས་བླངས་པའི་མགུར་དེའང་མང་ཚོགས་ཀྱི་ངག་རྒྱུན་དུ་ལོ་བརྒྱ་ཕྲག་དུ་མར་བརྒྱུད་དེ།མཐར་བོད་དུ་ཡི་གེ་གསར་གཏོད་བྱས་རྗེས་ལོ་རྒྱུས་ཀྱི་ཡིག་ཚང་དུ་ཕབས་པ་ཞིག་ཡིན་དགོས་པ་ལས་སྐབས་དེར་་ཐད་གར་ཡི་གེ་རུ་བཀོད་པ་ནི་ག་ལ་ཡིན། ཞེས་ཀེ་་་འཇིགས་མེད་རྡོ་རྗེ་འབོད་པས་བྲིས་པ་ཤིན་ཏུ་བློ་ལ་འབབ་ནི་ཞིག་རེད།  ཡིན་ནའང་དོགས་པ་མེད་པ་མིན་ཏེ། ལོ་རྒྱུས་ཀྱི་ཐད་དུ་བསམ་ཚུལ་འདི་འདྲ་ཞིག་ཀྱང་འདུགགྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་གཉིས་ཀྱི་བར་དང་།ལོ་ངམ་གྲི་གུམ་གྱི་སྲས་ཤ་ཁྱི་དང་རུ་ལས་སྐྱེས་སོགས་ཀྱི་བར་བྱུང་དམར་འཛིང་གི་དོན་རྐྱེན་སྔ་རྗེས་སུ་བླངས་པའི་མགུར་དང་།སྲོང་བཙན་གྱིས་དབས་དབྱི་ཚབ་ལ་བླངས་པའི་མགུར།དབྱི་ཚབ་ཀྱིས་དེའི་ལན་ལ་བླངས་པའི་མཆིད།སྲོང་བཙན་གྱིས་སྲིང་མོ་སད་པ་ཀར་གྱིས་ཞང་ཞུང་ནས་གསང་བརྡའི་རྣམ་པར་བླངས་པའི་མགུར།བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་དུས་རྒྱ་ཡུལ་ཕམ་པར་བརྒྱབས་པའི་རྗེས་རྒྱལ་བློན་སོ་སོས་བླངས་པའི་མགུར།འདུས་སྲོང་གིས་མགར་བློ་ལོག་པའི་སྐབས་སུ་བླངས་པའི་མགུར།དེ་བཞིན་ཁྲུང་པོ་སྤུང་ཟད་ཀྱིས་གནམ་རི་ལ་འཕྱ་སྨོད་ཀྱི་ཚུལ་དུ་བླངས་པའི་གླུ་སོགས་རིགས་མང་དུ་ཡོད་པས་དུས་ཚིགས་ཀྱི་ཐད་ནས་ཐོག་མ་འདི་རེད་ཅེས་ཐག་གཅོད་རྒྱུ་དཀའ་ནའང་།གོང་གི་པུ་དེ་གུང་རྒྱལ་གྱི་མགུར་ཐོག་མ་གནས་སྐབས་བཞག་ན་ལོ་རྒྱུས་ཀྱིས་བདེན་དཔང་ཡོད་གསུངས་པ་གཞིར་བཅོལ་ཡོད།འཕྲོས་ཤོག་ངོས་རྗེས་མ་མཐུད་ནས་གཟིགས་དགོས།

0 བསམ་ཚུལ་འདོན་པ།: