རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།

སྔོན་སྤེལ་ཟིན་བྲིས།

ཟླ་རེའི་ཟིན་བྲིས་སྤེལ་གྲངས།

ཟིན་བྲིས་གསར་ཤོས་གྲངས་བཅུ།

བོད་མིའི་སེམས་ཀྱི་མར་ལོ།

ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com
Monday, October 4, 2010
གྲྭ་རྐྱང་ངའི་ཚོགས་ཕོར་གཅོག་ཨེ་ཐུབ་བལྟས་སོང་
བདག་གི་ཟིན་བྲིས་སྤྱི་ཚོགས་སྐྱོན་བརྗོད། རྣག་ཐོག་ཁབ་གཙགསཞེས་པའི་ནང་དུ་༢༠༠༩་ལོར་སྤེལ་བའི་༼འབྲིང་རིམ་སློབ་གྲྭ་དང་ཡིག་རྨོངས་དགེ་རྒན་ཚོ༽་ཉེ་ཆར་ལྗང་རླུང་ཚགས་པརསྟེང་བཀོད་ཡོད་ཀྱང་། ཕྲན་གྱི་མིང་རྩོམ་སྒྲིག་པས་ཚགས་པར་སྒྲིག་སྦྱོར་བར་ནས་ཚགས་པར་སྟེང་འགོད་རྒྱུ་ལྷག་འདུག  ཟིན་ཐོ་དེ་དྲ་རྒྱ་བརྒྱུད་དེ་ཚགས་པར་སྟེང་སླེབས་ཤིང་། སྤྱི་ཚོགས་ནང་དུ་གདེང་འཇོག་ཚད་མེད་གནང་མཁན་དང་ངོ་རྒོལ་བྱེད་མཁན་ཁག་གཉིས་བྱུང་ཡོད་པ་རེད། དེ་ཡང་༢༠༡༠་ལོའི་ཟླ་༠༧་བའི་ཚེས་༠༥་ཉིན་ཕྲན་གྲྭ་ཚང་གི་ལས་ཀ་ལ་སོང་ཡིན། དགོང་མོ་ལྗང་རླུང་ཚགས་པརགྱི་སྤྱི་ཁྱབ་རྩོམ་སྒྲིག་པས་ཕྲན་ལ་ཁ་པར་སླེབས་ཏེ་ཁྱེད་ཀྱི་རྩོམ་ཡིག་དེའི་སྐོར་ལ་རྙོག་དྲ་ཞིག་བྱུང་ཡོད་པ་རེད།
 ཅུང་ཙམ་ནས་ང་དགེ་བསྐོས་ཀྱི་མདུན་དུ་འགྲོ་དགོས་ཟེར། ངས་སྔོན་མ་ནས་ཁྱེད་ཅག་ལ་བཤད་པ་ལྟར་ངའི་རྩོམ་ཡིག་དག་གི་ངོས་ཐད་ནས་གང་ཞིག་དང་འཕྲད་ཀྱང་བདག་གིས་འགན་འཁུར་ངེས་ཡིན་ཞེས་ལབ་ཡིན། ཁོས་ཁྱེད་རང་ལ་གནས་སྐབས་ལས་ཀ་ཡོད་མ་རེད། ང་ཚོས་ཁྱེད་རང་རེད་ལབ་ཀི་མ་རེད་ཅེས་གསུངས་བྱུང་། དགོང་མོ་དགེ་བསྐོས་ཀྱིས་དགེ་འདུན་མང་མའི་མདུན་སར་རྩོམ་ཡིག་དེའི་སྐོར་གླེང་ཞིང་དེ་ཡང་མཐའ་གཅིག་ཏུ་བདེན་པ་ཡང་མིན་ལ་རྫུན་པ་ཡང་རེད་མི་འདུག གང་ལྟར་ངས་དེ་རིང་དགེ་འདུན་མང་མ་ལ་ཞུ་དོན་གཙོ་བོ་སེར་བྱེས་སློབ་གྲྭའི་འགོ་གཙོ་འགའ་རེས་དགེ་བསྐོས་ལ་སྙན་ཞུ་ཕུལ་བས་ཡིན། འོན་ཀྱང་དགེ་བསྐོས་མཆོག་གིས་རྩོམ་ཡིག་དེའི་སྐོར་ངས་ཞིབ་ཀློག་བྱས་ཡོད། གླེང་རྒྱུ་ཞིག་གླེང་འདུག་ལ་ངས་གསར་འགོད་པ་དང་རྩོམ་པ་པོ་ཚོ་སྨྲ་བརྗོད་རང་དབང་སྤྲད་དགོས་པ་རེད་ཅེས་གསུངས་འདུག  ད་དུང་རྩོམ་ཡིག་དེའི་ནང་དུ་སློབ་ཕྲུག་ཚོ་ལ་གཅར་རྡུང་དང་དུས་ཚོད་སྐོར་ལ་ཅུང་ཙམ་གླེང་འདུག དེ་ཚོ་ཡང་མཐའ་གཅིག་ཏུ་ལག་ལེན་བསྟར་ཁག་པོ་རེད། ཡིན་ནའང་། བསམ་འཆར་བཤད་ཆོག་པ་རེད། ང་མངའ་རིའི་ཚེ་དབང་ལ་ཡང་སྐྱོན་བརྗོད་བྱེད་ཆོག་པ་རེད་ཅེས་གསུངས་ཡོད་པ་རེད།  སེར་བྱེས་འབྲིང་རིམ་སློབ་གྲྭའི་དགེ་རྒན་ཚོ་ལ་ངས་ཡིག་རྨོངས་པ་ལབ་པ་ཙམ་གྱིས་ཡིག་རྨོངས་པ་ཡིན་དགོས་པའི་ངེས་པ་མེད། འོན་ཀྱང་དོན་དངོས་ཀྱི་ཆ་ནས་ཁྱེད་ཅག་ལ་འབྲིང་རིམ་སློབ་གྲྭའི་དགེ་རྒན་ཞིག་གི་རྐུབ་སྟེགས་མི་འོས་པ་ངས་ཐག་བཅད་པ་ཡིན། དེའི་ནང་དུ་སུམ་རྟགས་དག་གསུམ་ལ་རྨོངས་མཁན་བཅུ་གྲངས་ཟིན་ཡོད་པ་དཔང་རྟགས་དང་བཅས་སྟོན་རྒྱུ་ཡོད། དེ་ཡིན་བཞིན་དུ་ཕྲན་གྱིས་བདེན་པ་གླེང་མི་ཆོག་ཟེར་ན་ག་ལ་འགྲིག ཕྲན་གསར་འགོད་པ་ཞིག་ཡིན་པའི་ཆ་ནས་དང་རྩོམ་པ་པོའི་གྲལ་དུ་འཚང་ཡོད་པའི་ཆ་ནས། ད་དུང་སྤྱི་ཚོགས་སྐྱོན་བརྗོད་ཀྱི་ཕྱོགས་སུ་སྙུག་རྩེ་གཏད་རྒྱུ་ཟེར་མཁན་ཞིག་གི་རྣ་བར་སྐད་ཆ་སྐྱུག་བྲོ་བ་དེ་ཚོ་འགྲོ་སྲིད་དམ། འོན་ཀྱང་ཁྱེད་ཅག་གིས་དགེ་བསྐོས་ལ་ཞུ་གཏུགས་བྱས་ཏེ་ཕྲན་སློབ་གཉེར་བ་ཞིག་དགོན་པའི་ཆོས་སྒོ་ནས་འཕུད་ཨེ་ཐུབ་བལྟས་ཡོད་ཀྱང་། ད་ལོ་ཕྲན་ལ་ལམ་འགྲོ་བརྒྱུགས་ནས་དགེ་བསྐོས་ནི་ལོ་གཉིས་གསུམ་སྔོན་གྱི་བོད་ནང་ནས་སླེབས་ཤིང་ཀླད་རྙིང་མཁྲེགས་འཛིན་ཅན་དེ་ཚོ་དང་མི་འདྲ། ད་དུང་བསམ་བློ་མི་གཏོང་བར་ཐད་ཀར་མཛུབ་མོས་གང་བསྟན་ཤར་ཞེས་པའི་སྲོལ་རྒྱུན་གྱི་རྭ་བ་ནས་ཐར་ཡོད་པས། ཕྲན་གྱི་བདེན་པ་ལ་རྒྱབ་སྐྱོར་དང་གྲྭ་རྐྱང་ཞིག་གི་མི་ཚེའི་མདུན་ལམ་ལ་བསམ་བློ་བཏང་བ་རེད། འདི་ནི་བདག་ལ་ལམ་འགྲོ་བརྒྱུགས་པར་ངོས་འཛིན་བྱས་ཡོད། གལ་སྲིད་ཕྲན་ལ་བདེན་པ་གླེང་རྒྱུའི་ཐོབ་ཐང་དང་རང་དབང་མ་སྤྲད་ན། ངས་འདས་ཟིན་པའི་སེར་བྱེས་སློབ་གྲྭའི་སྐྱུག་བྲོ་བའི་ལེའུ་སྐྱུར་མོ་ཞིག་གླེང་ངེས་ཤིང་། དེ་ལྟར་ན་རང་གཞན་གཉིས་ལ་དཀའ་ངལ་མང་དག་ཅིག་འཕྲད་སྲིད། ངས་རྩོམ་ཐར་ཐོར་འབྲི་འགོ་བརྩམས་པ་ནས་བཟུང་སྤྱི་ཚོགས་སྐྱོན་བརྗོད་ཀྱི་ཕྱོགས་སུ་གོམ་པ་སྤོས་ཡོད་ལ། འདི་ལ་བླ་མ་དང་ཕ་མ་གྲོགས་པོ་སུ་ཞིག་གིས་བསྒྱུར་བཅོས་བྱེད་དཀའ། ཁྱེད་ཅག་འགའ་རེ་དུས་རྒྱུན་སྐྱུག་ལངས་སུ་སོང་སྟེ་བདེན་པ་ཡོད་མེད་ལ་མི་བལྟ་བར་ལས་སྣེ་ཞེས་པའི་ཤེས་རྨོངས་ཚོ་ལ་བདེན་ཁ་སྤྲད་རྒྱུ་མང་བ་དང་། རྩོམ་པ་པོ་དང་བསམ་བློ་བ་ཚོའི་སྐད་ཆ་ལ་རིན་ཐང་ཡོད་མེད་མི་དཔྱད་པར་གང་བྱུང་དུ་འགྲོ་རུ་བཅུགས་པ་མང་དྲགས་པས་རེད། ད་ནི་དུས་རབས་གསར་བའི་འོད་ཟེར་ཕྱོགས་ཀུན་དུ་འཕྲོས་ཤིང་ཁ་ལས་རླུང་རྟ་དར་བཞིན་པའི་སྒང་འདིར། ངེད་ཅག་བོད་ཀྱི་རྩོམ་པ་པོ་དང་བདེན་པ་སྨྲ་མཁན་དག་ལ་ཡང་རང་ཚོད་ཀྱི་ཉི་མ་མི་ཤར་རྒྱུ་ཅི་ཡོད། མདོར་ན་རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་བྱས་ཏེ་བདེན་པ་སྨྲ་རྒྱུ་དང་མི་རིགས་ཀྱི་བདེ་སྡུག་གླེང་རྒྱུ་ནི་རྩོམ་པ་པོ་དང་མི་བུ་གསར་བ་ཚོའི་འགན་འཁྲི་རེད། འགན་འཁྲི་འདི་ལ་བཀག་འགོག་མ་བྱས་སྔོན་ནས་རང་ཉིད་ཀྱིས་བག་འཁུམས་བྱ་མི་འོས་པའོ།།  སྤྱིར་བཏང་ཕྲན་གྱི་ཟིན་བྲིས་དག་ལ་བོད་ཕྱི་ནང་གི་རྩོམ་པ་པོ་དང་ཀློག་པ་པོ་ཡོངས་ཀྱིས་དོ་སྣང་བྱས་པ་ལ་ཧ་ཅང་དགའ་ཡོད། འོན་ཀྱང་སྐབས་རེ་ཕྲན་གསོད་རྒྱུ་ཡིན་ཟེར་མཁན་དང་ལན་རེ་ཕྲན་ནི་རྩོམ་རིག་སྨྲ་བའི་གྲལ་དུ་འཇོག་མཁན་བྱུང་ཡོད་ལ། ཡང་དམ་ཉམས་དང་ལྟ་ལོག་པ། ཡིག་རྨོངས་པ་ཟེར་ནས་སྡིག་མཁན་དང་དྲང་མོ་བཤད་མཁན། སྤྱི་ཚོགས་སྐྱོན་བརྗོད་མཁན་གྱི་རྩོམ་པ་པོ་ལེགས་གྲས་ཟེར་ནས་བསྟོད་མཁན་ཡོད་ཀྱང་། དེ་ཚོ་ཚང་མ་ལ་ཆ་འཇོག་མ་མཆིས་ཏེ་དྲ་ཐོག་གི་སྐད་ཆ་ཙམ་དང་འགྲོ་ཞོར་འདུག་ཞོར་གྱི་མཆན་བུ་བཏབ་པ་ཞིག་གོ།  མཇུག་ཏུ་སྨྲ་འདོད་པ་ནི་ཁྱོད་ཚོས་རྔ་ཇི་ལྟར་བརྡུངས་ན་ངས་བྲོ་དེ་ལྟར་འཁྲབ་ངེས་ཡིན། འདི་ནི་༢༠༡༠་ལོའི་ཟླ་༠༧་ཚེས་བཟང་ཉིན་ནང་བསྟན་གཞུང་ལུགས་ལ་མགོ་མ་རྨོངས་ཤིང་སུམ་རྟགས་དག་གསུམ་ལ་བློ་རྩེ་གཏད་མྱོང་བའི་རྩོམ་རིག་ལ་དུང་མཁན་ཨ་རིག་དགེ་མཐོང་འབོད་པས་བྲིས་པའོ།།

0 བསམ་ཚུལ་འདོན་པ།: