རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།

སྔོན་སྤེལ་ཟིན་བྲིས།

ཟླ་རེའི་ཟིན་བྲིས་སྤེལ་གྲངས།

ཟིན་བྲིས་གསར་ཤོས་གྲངས་བཅུ།

བོད་མིའི་སེམས་ཀྱི་མར་ལོ།

ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com
Wednesday, January 26, 2011
གྲྭ་བཙུན་ཡིན་མིན་ལ་དཔྱད་པ།

སྤྱིར་བཏང་དེ་རིང་ཁོ་བོས་འབྲི་འདོད་པ་འདི་ནི་སྔོན་གྱི་མཁས་དབང་དག་གིས་གསུངས་ཟིིན་ན་ཡང་། ད་ལྟའི་དུས་སུ་མང་བོ་ཞིག་གིས་གསུང་རབ་རྣམས་ཀློག་རྒྱུ་དང་དོན་ལ་དཔྱད་རྒྱུའི་ཕྱོགས་སུ་མི་འབད་པར་གྲྭ་བཙུན་ཡིན་མིན་ཆ་ཚང་ལ་ནག་ཉེས་ཤིག་འགེལ་གྱིན་འདུག  དཔེར་ན། གྲྭ་བ་ཅིག་ཅིག་ཉིག་ཉིག་ལ་བུ་དང་ཆུང་མ་ཡོད་རབས་དང་། བཙུན་མ་ཅིག་ཅིག་ཉིག་ཉིག་ལ་དགའ་རོགས་མང་ཚུལ་གླེང་། དེ་ལབ་པ་ཙམ་གྱིས་ང་ཚོ་གྲྭ་བཙུན་དངོས་གནས་ཤིག་ལ་གནོད་འཇོག་རྒྱུ་ཅང་མེད་ཀྱང་། དེ་ལ་བརྟེན་ནས་ཁྱིམ་པ་སུན་འབྱིན་གྱི་ལས་དང་རང་གཞན་གཉིས་ཕོངས་ཀྱི་ལས་མང་དག་ཅིག་སྐྱེ་འགྱུར་དང་སྐྱེ་བཞིན་པ་ཡིན་པས་ན། དེའི་ཐད་ནས་གསལ་བཤད་ཅིག་བྱས་ན་ཕན་རྒྱུ་རེད་སྙམ་པའི་ཀུན་སློང་བཟང་བོ་ཡོད། འོན་ཀྱང་འགའ་རེས་ཕྲན་གྲྭ་པ་ཞིག་ཡིན་པས་གྲྭ་བཙུན་ལ་སྐད་ཆ་ཏོག་ཙམ་བཤད་ན་འཕར་འགྲོ་གི་ལབ་ཡང་སྲིད། ངས་ནི་དེ་ཚོ་ལ་ཁ་ཡ་མི་བྱེད།
ཐོག་མའི་གཏམ་ནི་འདི་ལྟར། དེང་སང་དྲ་རྒྱ་དང་དུས་དེབ། ཚགས་པར་བཅས་སུ་རྩོམ་པ་པོ་ཡིན་པར་རློམ་མཁན་ཕལ་ཆེ་བས་གྲྭ་བ་ཞིག་དང་ཇོ་མོ་ཞིག་ལྷན་དུ་བསྡད་ཡོད་རབས། ཡང་ན་ཨ་ནེ་ཞིག་ལ་བྱིས་པ་སྐྱེས་ཚུལ་དང་གྲྭ་བ་ཞིག་གིས་བུད་མེད་ཅིག་ལ་འཁྲིག་སྤྱོད་བྱེད་བཞིན་ཡོད་པའི་གནས་ཚུལ་ས་བསྒྲགས་གནམ་བསྒྲགས་བྱེད་ཁུལ་ལ་འབད།  བྱིས་པ་ཅན་གྱི་ཨ་ནེའམ་ཇོ་མོ་ཞིག་དང་བུད་མེད་ཅིག་ལ་འཁྲིག་པ་སྤྱོད་བཞིན་པའི་གྲྭ་བ་ཞིག་བོད་ལ་ད་སྔ་ཡན་མེད་ལ་མ་འོངས་པ་ན་ཡང་འབྱུང་མི་སྲིད་དེ། དེ་འདྲ་ཞིག་ཡོད་ན་དེ་ནི་ཇོ་ལོག་དང་གྲྭ་ལོག་ལས་གྲྭ་བ་དང་ཇོ་མོ་མ་ཡིན་པའི་གནས་སྟངས་ངོས་མ་ཟིན་པའི་སྐྱོན་རང་རེད།  ངས་ཁྱེད་ཚོ་ལ་གསལ་བཤད་ཅི་ཡོད་ཟེར་ན། རས་དམར་པོ་དང་སེར་པོ་གྱོན་པ་ཙམ་གྱིས་གྲྭ་བཙུན་ཆགས་མི་འགྲོ་བའི་དོན་ལ་ཁྱོད་ཚོས་སོམས་ཤིག གལ་སྲིད་གཟན་ཤམ་གྱོན་པ་ཙམ་གྱིས་གྲྭ་བཙུན་ཆགས་འགྲོ་བ་དང་། གཟན་ཤམ་མ་གྱོན་ཚེ་གྲྭ་བཙུན་ལས་ལོག་འགྲོ་ན། དེ་ནི་གླེང་རིན་མེད་པ་ཞིག་དང་ནང་ཆོས་དང་སྟོན་པའི་བསྟན་པ་ཟེར་ན་ཧང་སངས་དགོས་པའི་དོན་དག་ཅིག་མ་རེད། དེ་ལྟར་ཕྱིའི་གོས་དམར་སེར་གྱོན་པ་ཙམ་གྱིས་མི་འཇོག་པར་ནང་གི་སྲུང་སེམས་སམ་སྡོམ་པ་ཟེར་བ་དེའི་སྟེང་ནས་འབྱེད་དགོས་སོ། ། ཡང་སྡོམ་པ་ཟེར་བ་དེ་ག་འདྲ་རེད། དེང་སང་གི་གྲྭ་བཙུན་མགོ་རིལ་འདི་ཚོ་མང་ཆེ་བ་སྡོམ་པ་མེད་ཁུ་ཟེར་ནི་འདུག དེ་ནི་ཕྱོགས་གཅིག་ནས་ཁྱོད་རང་ཉིད་ཀྱི་སྐྱོན་ཡིན་ཏེ། སྡོམ་པ་ཡོད་མེད་མ་ཤེས་པས་སོ།། ཕྱོགས་གཉིས་ནས་གྲྭ་བཙུན་ཚོས་སྐྱོན་ཡིན་ཏེ། ཚུལ་ཁྲིམས་མིག་འབྲས་བཞིན་མ་སྲུང་བས་སོ། །གོང་དུ་བཤད་པ་ལྟར་ཨ་ནེ་བྱིས་པ་ཅན་ཞིག་དང་གྲྭ་བ་བུད་མེད་ལ་འཁྲིག་སྤྱོད་བྱེད་མཁན་ཞིག་མེད་པ་འདི་རང་རེའི་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡང་དྲུང་བོན་དང་བཅས་པས་ཁས་ལེན་ངེས་ཡིན།  ཡང་མང་བོ་ཞིག་གིས་གྲྭ་བཙུན་ལབ་དུས་ཡོད་ཚད་སངས་རྒྱས་ལྟ་བུ་ཞིག་དང་དགྲ་བཅོམ་པ་དང་བྱང་སེམས་ལྟ་བའི་རྨོངས་པའི་འདུ་ཤེས་འདིས་ཀྱང་སྐྱོན་འདི་ཡོང་གི་ཡོད་རེད། གྲྭ་བཙུན་ལབ་ན་སངས་རྒྱས་དང་བྱང་སེམས་དགྲ་བཅོམ་སོགས་ཡིན་མི་དགོས་པ་དང་། གྲྭ་བཙུན་ཡིན་མིན་ངས་ཁྱེད་ཅག་ལ་ངོ་སྤྲོད་མདོར་བསྡུས་ཤིག་བྱེད། གཅིག་ཐེངས་ན་ཕན་སྲིད།   གྲྭ་བཙུན་ལབ་ན་སྔོམ་པ་ཡོད་མེད་ཀྱི་སྟེང་ནས་འཇོག་དགོས་ལ། སྡོམ་པ་ཡོད་དང་མེད་ཅེས་པའི་ས་མཚམས་ནི། རྩ་བཞི་ཡོད་མེད་ཀྱི་ཆ་ནས་འབྱེད་དགོས། རྩ་བཞི་ལབ་ན་ཅི་འདྲ་རེད་ཅེས་པའི་དྲི་བ་ཞིག་རང་བཞིན་གྱིས་སླེབས་ངེས་རེད། རྩ་བཞི་ནི་འདི་ལྟར་ཏེ།  སྲོག་གཅོད་པ། མ་བྱིན་པར་ལེན་པ། མི་ཚངས་པར་སྤྱོད་པ། རྫུན་དུ་སྨྲ་བ་བཅས་བཞིའོ།། དང་པོ། སྲོག་གཅོད་པ་ཞེས་པའི་སྲོག་ནི་མིའམ་མིར་ཆགས་གསོད་པ་ལ་གོ་དགོས། དེ་མིན་བྱ་བྱེའུ་དང་སེམས་ཅན་གཞན་བསད་ན་ཉེས་པ་དང་སྡིགས་ཀ་ཡོད་ཀྱང་རྩ་བཞིའི་ནང་གི་སྲོག་བཅད་པའི་ཕམ་པ་མི་འབྱུང་། གཉིས་པ། མ་བྱིན་པར་ལེན་པ་ཞེས་པ་ཡང་གཞན་གྱི་ཅ་དངོས་སོགས་རིན་ཐང་ཚང་བའི་རིགས་མ་བྱིན་པར་རྐུ་བྱེད་པ། འདིའི་སྐབས་སུ་རིན་ཐང་ཚང་བའི་ཅ་དངོས་ཟེར་བ་འདུལ་བ་ལྟར་ན་དཀར་ཤ་བ་ནི་གཅིག་གི་ཡན་ལབ་ཡོད། རྒྱ་གར་གྱི་དཀར་ཤ་བ་ནི་ཟེར་བའི་རིན་ཐང་འཇོག་ཚུལ་ལམ་བརྩི་ཚུལ་ལ་བོད་ཀྱི་མཁས་པ་ཚོ་མི་མཐུན།   གསུམ་པ། མི་ཚངས་པར་སྤྱོད་པ་ནི་བུད་མེད་ལ་འཁྲིག་པ་སྤྱོད་མི་ཆོག་པའི་དོན་དང་། ལྷག་པར་ལམ་རིམ་ཆེན་མོ་ལྟར་ན་ཡན་ལག་ལྔ་བོ་གང་རུང་འཕྲད་ནས་བདེ་བ་མྱོང་ན་ཕམ་པ་འབྱུང་ཞེས་གསུངས་པ་ཁོ་བོས་མཐོང་མྱོང་།   གཙོ་བོ་བུད་མེད་རིགས་ལ་འཁྲིག་པ་སྤྱོད་མི་ཆོག་པ་རེད།  བཞི་བ། རྫུན་དུ་སྨྲ་བ་ཞེས་པའི་དོན་ནི་སྤྱིར་བཏང་འཇིག་རྟེན་གྲགས་ཚོད་ཀྱི་རྫུན་བཤད་པ་དང་ཨ་མདོའི་ཡུལ་ལུང་འགའི་གཞོབ་ལབ་ཅེས་པ་ཙམ་མིན་པར། དེང་སང་གི་དུས་སུ་བོད་ཁུལ་ན་མང་བའི་བླ་སྤྲུལ་རྫུན་མ་དང་དེ་ཚོས་ང་ལ་ནང་རྟོགས་པའི་ཡོན་ཏན་ཅིག་ཅིག་ཡོད་རབས་ཟེར་བ་དང་། དམངས་ཚོགས་ལ་ནང་ཆོས་སོགས་ཀྱིས་འགོར་བསྐོར་གཏོང་ཐུབ་བྱེད་པ། མདོར་བསྡུས་ན། རང་ལ་དེ་ལྟ་བུའི་ཡོན་ཏན་མེད་ཀྱང་ཡོད་ཁུལ་བྱས་ནས་གཞན་ལ་ལོག་ལམ་སྟོན་པ་སོགས་ལ་གོ
 དེ་རེ་རེ་ལ་ཞིབ་འཇུག་བྱེད་རྒྱུ་ཡོད་ཀྱང་།གཙོ་བོ་དེང་སང་མང་ཆེ་བས་སྐྱོན་དུ་བལྟ་ས་ནི། མི་ཚངས་པར་སྤྱོད་པའམ་འཁྲིག་སྤྱོད་སྐོར་རེད། དེའི་ཐད་དུ་ངས་བལྟས་ན་གསལ་བོ་ཡིན་པས་དོགས་པ་དེ་ཙམ་ཟ་དགོས་མི་འདུག་སྙམ། རྒྱུ་མཚན་ལོ་རྒྱུས་ཀྱི་དེབ་དང་འདུལ་བའི་སྐོར། ཡང་ན་གསུང་རབ་ཀློག་མྱོང་མཁན་ཞིག་དང་ཕ་མའི་ངག་རྒྱུན་ཁས་ལེན་ནི་ཞིག་ཡིན་ཚེ་ཤེས་ནུས་རེད།  དེའི་ནང་དུ་ཅི་ཙམ་དཔྱད་ཀྱང་དོགས་པ་ཆེ་བའི་རིགས་ནི། རྫུན་དུ་སྨྲ་བ་དང་། རྐུ་བྱས་པའི་སྐོར་རེད། དེ་གཉིས་དུས་རབས་དང་མི་རབས་བརྒྱུད་དུས་ཚད་ག་འདྲ་ཞིག་ནས་འཇོག་དགོས་ཁག་པོ་རེད། དངོས་པོ་ཞིག་གི་རིན་ཐང་ཚང་མ་ཚང་དེ་བརྩི་སྟངས་ཀྱི་ཆ་ནས་བཤད་རྒྱུ་མང་བས་ཁག་པོ་རེད། དེ་མིན་འཁྲིག་སྤྱོད་ཟེར་ན་ལུས་འབྲེལ་བྱང་མ་བྱང་གི་ཁྱད་པར་ལས་ལུས་ལ་གྱོན་གོས་འདྲ་མིན་གྱོན་པས་མ་ཡིན་པས་ཤེས་སླ།
གཞན། ལོ་རྒྱུས་ལྟར་ན་ཐོག་མར་སྟོན་པ་ཤཱཀྱཱ་ཐུབ་པས་འཁོར་ལྔ་སྡེར་ཐེག་པ་ཆུང་ངུའི་དབང་དུས་བྱས་ཏེ་ཆོས་འཁོར་བསྐོར་བ་དང་། དེ་ཚོ་དགེ་བསྙེན་དང་།རབ་བྱུང་། དགེ་ཚུལ་དང་། དགེ་སློང་བཅས་ཀྱི་བསླབ་པ་སྩལ། དེ་ནས་བཟུང་རིམ་གྱིས་དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ། དགེ་སློང་ཕ། དགེ་སློང་མ་བཅས་བྱུང་བ་རེད། རབ་བྱུང་ལབ་ན་བར་མ་རབ་བྱུང་ཟེར་བ་ཞིག་ཡོད། འཁོར་ལྔ་སྡེ་སྟོན་པའི་མདུན་ནས་རབ་ཏུ་བྱུང་སྟེ་ད་ལྟའི་བར་དུ་ལོ ༢༥༠༠་ལྷག་འགྲོ་གིན་ཡོད་པ་དེ་རྒྱ་གར་ལ་དར་ཚུལ་རེད། བོད་ལ་མཚོན་ནས་ཞུས་ན།   དུས་རབས་བདུན་པའི་ནང་དུ་ཟད་མི་མི་བདུན་རབ་ཏུ་བྱུང་བ་ནི་བོད་ཀྱི་རབ་བྱུང་ངམ་གྲྭ་བཙུན་གྱི་ཐོག་མ་ཡིན། ལོ་གྲངས་བྱས་ན། ༡༢༤༠་ཙམ་འགོར་ཡོད།   དེ་ནས་ད་ལྟའི་བར་དུ་བསམ་གཞིགས་བྱས་ན་གྲྭ་བཙུན་གྱི་ཁ་གྲངས་ནི་བགྲང་ལས་འདས་པ་རེད་ལབ་ཆོག     འོན་ཀྱང་། དགེ་ཚུལ་ལ་ཁྲིམས་འམ་བསྲུང་བྱ་བླངས་འདས་སོ་དྲུག་ཡོད། དགེ་སློང་ཕ་ལ་ཁྲིམས་ཉིས་བརྒྱ་ང་གསུམ་ཡོད། དགེ་སློང་མ་དེའི་མང་ཡིན་ཡང་། ད་ལྟའི་དུས་སུ་དགེ་སློང་མའི་སྡོམ་རྒྱུན་ཆད་ཡོད། ཐཱེ་ཝན་སོགས་ན་དགེ་སློང་མའི་སྡོམ་རྒྱུན་ཞིག་ཡོད་རབས་འདུག་ཀྱང་ཕར་དེད་ན་སྡོམ་རྒྱུན་གཙང་མ་ཞིག་མིན་པས་ཡོངས་གྲགས་ལ་ད་ལྟ་དགེ་སློང་མའི་སྡོམ་རྒྱུན་ཆད་པར་བརྩི།  དེའི་ནང་གི་རྩ་བ་བཞི་བོ་གང་རུང་ལ་ཕམ་པ་བྱུང་ན་གྲྭ་བ་མ་ཡིན་པ་ཆགས་འགྲོ། གཞན་ལྷག་མ་བཅུ་གསུམ་དང་བཅས་ཡོད་ཚད་ལ་འགལ་ན་ཉེས་པ་ཡོད་ཀྱང་དེ་ཙམ་གྱིས་གྲྭ་བཙུན་མ་ཡིན་པར་མི་འགྱུར།    དེའི་ཕྱིར།  ཟླ་ཕྱེད་དམ་ཉིན་བཅོ་ལྔའི་རྗེས་སུ་དགེ་འདུན་པ་རྣམས་འཚོགས་ནས་གསོ་སྦྱོང་བྱེད་ངེས་རེད། དེའི་སྐབས་སུ་ཁྱིམ་པའམ་རབ་བྱུང་མ་ཡིན་པ་དག་ཡོང་མི་ཆོག ཟླ་ཕྱེད་ནང་དུ་གྲྭ་བཙུན་བཞི་ལྡན་པའི་དགོན་པ་ཞིག་ཡིན་ན་གསོ་སྦྱོང་ངེས་པར་འཚོགས་དགོས་པ་རེད།  དེའི་སྐབས་སུ།  དགེ་སློང་རྣམས་ཀྱིས་ཆོས་གོས་དང་གདིང་བ་བསྣམས་ནས་ཡོང་དགོས། དགེ་ཚུལ་ཚོས་ཀྱང་གདིང་བ་བསྣམས་ཡོང་དགོས།  དང་པོ་དགེ་སློང་དག་འཚོགས་སྐབས་སུ་དགེ་ཚུལ་རྣམས་ཕྱི་ལོག་ནས་འདུག་དགོས་པ་ནི་དགེ་སློང་གི་ཆོག་ག་ལ་ཉན་ན་ཉེས་པ་ཆེ་བས་ཡིན།  དེ་ནས་དགེ་སློང་དང་དགེ་ཚུལ་ཚང་མ་ལྷན་དུ་འཛོམས་ཏེ་བཤགས་པ་བྱ། བཤགས་པ་བྱ་ཚུལ་ནི།  ངས་དང་པོར་ཁས་བླངས་པའི་ཁྲིམས་དང་འགལ་བའི་ཉེས་པ་འདི་བསགས་ཡོད། ད་ཕྱིན་ཆད་སྡོམ་ཁྲིམས་རྣམས་ཚུལ་བཞིན་བསྲུང་རྒྱུ་ཡིན་ཟེར་ནས་སྐད་གསེང་མཐོ་པོ་སྒོ་ནས། བླ་མ་དང་སངས་རྒྱས་བྱང་སེམས། དགེ་འདུན་མང་མའི་དབུས་སུ་ཁས་བྱེད་དགོས། ཁས་ལེན་བྱེད་ཚུལ། སྔར་འགྱོད་ཕྱི་སྡོམ་བྱེད་པའི་གསོ་སྦྱོང་གི་ཆོག་ག་འདོན་པ་དང་། ཡིད་ཀྱི་གཏིང་ནས་འགྱོད་གདུང་དྲག་པོ་སྐྱེས་ན་རྩ་བ་བཞི་ལས་གཞན་དག་འདགས་པར་ངེས། སྤྱིར་བཏང་དེའི་སྐོར་བྲི་རྒྱུ་མང་ཡང་མང་བོ་ཞིག་བྲིས་ན་རྙོག་ནས་ཀློག་པ་པོ་སུན་སྣང་སྐྱེ་བར་དོགས་ནས་མཚམས་བཞག་པ་ཡིན།
 ངས་དེ་རིང་འདིར་བྲིས་པ་དག་གཙོ་བོ་གོ་བ་ཙམ་ལས་ཁྱབ་མཐའ་བཅད་མེད། དེ་ཡང་མཁས་དབང་རྣམས་ཀྱི་གསུང་རབ་ཀློག་ན་རྒྱས་བསྡུས་མང་བོ་ཡོད་རེད། འོན་ཀྱང་གོ་སླ་བ་ཞིག་འབྲི་ཁུལ་བྱས་པའི་ཚུལ་ཡིན།
མཇུག་ཏུ་བཤད་རྒྱུ་ཞིག་ལ། གཟན་ཤམ་གྱོན་པ་ཚང་མ་ལ་གྲྭ་བཙུན་ཡིན་པའི་མ་ཁྱབ་པ་དང་། རྩ་བ་བཞི་ཡོད་ན་གྲྭ་བཙུན་ཡིན་པའི་ཁྱབ་པ་ཐུགས་ལ་འཛིན་རོགས་ཞུ།

0 བསམ་ཚུལ་འདོན་པ།: