རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།
རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།
སྔོན་སྤེལ་ཟིན་བྲིས།
ཟླ་རེའི་ཟིན་བྲིས་སྤེལ་གྲངས།
ཟིན་བྲིས་གསར་ཤོས་གྲངས་བཅུ།
བོད་མིའི་སེམས་ཀྱི་མར་ལོ།
ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.
དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com

བོད་ཡིག་དྲ་བ་བེད་སྤྱོད་ཀྱི་དགེ་སྐྱོན་རགས་ཙམ་གླེང་བ།

གཡུ་ཞུན།

གནས་འཕྲིན་དྲ་བའི་རྩོམ་རིག་ནི་བོད་ལ་མཚོན་ན་ཉེ་བའི་ལོ་འདི་འགར་ཤིན་ཏུ་དར་ཁྱབ་འགྲོ་བཞིན་པའི་རྩོམ་རིག་སྣང་ཚུལ་ཞིག་ཡིན་ལ། དེ་རིང་འདིའི་དགེ་སྐྱོན་ཐད་རང་གི་ལྟ་ཚུལ་ཅུང་ཙམ་བཤད་ན་བསམ་བྱུང་། སྤྱིར་གནས་འཕྲིན་དྲ་བ་ནི་གསར་དུ་དར་བའི་དངོས་པོ་ཞིག་དང་། དེ་ནི་ཚན་རིག་ལག་རྩལ་ཡར་རྒྱས་ཀྱི་ཐོན་རྫས་ཤིག བརྡ་འཕྲིན་གྱི་དུས་རབས་འདིའི་མཚོན་རྟགས་ཤིག་ཀྱང་རེད་ལ། འདི་རྟོགས་བཟོའི་བར་གསེང་ཞིག་ཡིན་ནའང་། དེ་ཧ་ཅང་སྟབས་བདེ་བ་དང་མགྱོགས་པོ། རྣམ་པ་མ་འདྲ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཕྱིར། ང་ཚོའི་ཤེས་རྒྱ་ཇེ་ཆེར་འགྲོ་བ་དང་གནས་ཚུལ་ཤེས་རྟོགས་ ཐད་ནུས་བ་གལ་ཆེན་ཐོན་གྱི་ཡོད་ལ། གོ་ལ་ཟླུམ་པོ་འདིའི་བར་ཐག་ཉེ་ནས་ཉེ་རུ་འགྲོ་བའི་ཚོར་བ་ཞིག་དང་། ལྷག་པར་དུ་བོད་ལ་མཚོན་ནའང་ན་ནིང་ནས་བཟུང་ཧི་མ་ལ་ཡའི་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཀྱི་ཡིག་གཟུགས་གློག་ཀླད་ནང་བཅུག་པའི་རྗེས་སུ། བོད་གཞིས་བྱེས་གཉིས་ནས་། དགེ་འདུན་པ་དང་མི་སྐྱ། ཡང་ན་ཤེས་ཡོན་པ་དང་མི་དཀྱུས་མའི་བར་ཐག་ཇེ་ཉེར་སོང་ཡོད་ལ། དེ་སྔོན་བོད་ཕྱི་ན་གནས་ཚུལ་ཇི་བྱུང་ཟླ་དང་ལོ་ཡི་རྗེས་ནས་མ་གཏོགས་བོད་ནང་གི་མི་གོ་བ་དང་། བོད་ནང་གི་གནས་ཚུལ་ཅི་ཡོད་ཕྱི་ནས་མི་གོ་བའི་གནས་སྟངས་དེར་སྔོན་མ་ལས་བླ་ལྷག་གིས་འགྱུར་བ་ཐེབས་ ཡོད། འདིའི་ཐད་ལག་ཁྱེར་ཁ་པར་དར་བ་ལས་དེ་བས་ཀྱང་ནུས་བ་ཐོན་གྱིན་ཡོད་ནའང་། དེ་རིང་འདིར་དེའི་ཐད་གནས་སྐབས་གླེང་མོལ་བྱེད་རྒྱུ་མིན། སྤྱིར་བོད་མི་ས་ཡ་དྲུག་གི་མི་གྲངས་དང་བསྡུར་ན། ད་ལྟ་ད་དུང་བོད་ཕྱི་ནང་གཉིས་ལ་མཚོན་ན་བོད་ཡིག་གི་ལམ་ནས་གནས་འཕྲིན་དྲ་བ་བེད་སྤྱོད་བྱེད་མཁན་ཉུང་ཉུང་ཡིན་པ་དང་དངོས་གནས་བོད་མི་ཇི་ཙམ་གྱིས་བེད་སྤྱོད་བྱེད་ཀྱི་ཡོད་པ་ཚོད་དཔག་བྱེད་རྒྱུ་ཧ་ཅང་ཁག་པོ་ རེད། ཡིན་ནའང་ད་ལྟ་གློག་ཀླད་ནང་ཐད་ཀར་བོད་ཡིག་བེད་སྤྱོད་བྱེད་ཆོག་ལ། བེད་སྤྱོད་བྱེད་མཁན་ནི་གཞུང་གི་ལས་བྱེད་པ་དང་། ཤེས་ཡོན་ཅན། དགོན་སྡེ་ཁག་གི་དགེ་ འདུན་པ། སློབ་གྲྭ་ཆེ་འབྲིང་གི་སློབ་མ་བཅས་ཡིན་པས། ཁོང་ཚོས་བོད་ཀྱི་སྤྱི་ཚོགས་སྟེང་གོ་གནས་ངེས་ཅན་ཞིག་བཟུང་ཡོད་ལ། ནུས་བ་ བླ་ན་མེད་པ་ཐོན་གྱི་ཡོད་པ་མ་ཟད། མ་འོངས་པར་དེ་ལས་ལྷག་པར་ནུས་བ་ཐོན་ངེས་རེད། ལྷག་པར་དེ་སྔོན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་བོད་ཡིག་སྦྱོང་བརྩོན་བྱས་ཏེ་སློབ་མཐར་ཕྱིན་པའི་སློབ་མ་ཚོས། གཞུང་གི་ཡིག་བསྒྱུར་ལས་ཁུངས་དང་སློབ་གྲྭ་ཁག་གི་བོད་ཡིག་སློབ་ཁྲིད་མ་གཏོགས་བོད་ཡིག་བཀོལ་ས་མེད་པར་སྨྲེ་ངག་འདོན་བཞིན་པ་དང་། དགོན་སྡེ་ཁག་གི་དགེ་འདུན་པ་དང་ཐ་ན་དགེ་བཤེས་དག་ལའང་ཡིག་རྨོངས་ཞེས་གཞུང་འབྲེལ་འབྲི་སྲོལ་ཡོད་པ་དེའི་གནས་སྟངས་རྩ་བ་ནས་བསྒྱུར་ཐུབ་ཀྱི་མེད་ཀྱང་། མ་མཐའ་སྒེར་གྱི་ངོས་ནས་བོད་ཡིག་བེད་སྤྱོད་ཀྱི་གཞི་རྒྱ་ཆེ་རུ་ཕྱིན་ཡོད་ལ། བོད་མི་ན་གཞོན་ཚོར་སེམས་ཤུགས་གསར་བ་ཞིག་ཀྱང་སྦྱིན་ཡོད་། ལྷག་པར་བོད་ནང་ལ་མཚོན་ན་ན་གཞོན་ཤེས་ལྡན་པ་ལྷག་བསམ་ཅན་སྐོར་ཅིག་གིས་སྒེར་ངོས་ནས་གཙོ་གཉེར་བྱེད་བཞིན་པའི་དྲ་ཚིགས་དག་ནི་གཞུང་འབྲེལ་གྱི་དྲ་ཚིགས་དག་ལས་ནང་དོན་སོགས་གང་གི་ཆ་ནས་ཕུན་སུམ་ཚོགས་པ་དང་ཕྱུག་པོ་རེད།བོད་ཡིག་གི་ལམ་ནས་གནས་འཕྲིན་དྲ་བ་བེད་སྤྱོད་བྱེད་མཁན་ཚོའི་ཉིན་རེའི་འཚོ་བའི་ནང་མེད་དུ་མི་རུང་བའི་ཆ་ཤས་སུ་ གྱུར་ཡོད་། གནས་འཕྲིན་དྲ་བའི་རྩོམ་རིག་དང་སྲོལ་རྒྱུན་གྱི་རྩོམ་རིག་གཉིས་བར་གྱི་ཁྱད་པར་ཆེ་ཤོས་དེ་ནི། མི་མང་ཆེ་བས་གནས་འཕྲིན་དྲ་བའི་རྩོམ་རིག་ཡིན་ན་བཀག་རྒྱ་མེད་པ། དཔེར་ན། དུས་དེབ་ལྟ་བུར་རྩོམ་སྒྲིག་པས་འགྲེམ་སྤེལ་བྱེད་མི་བྱེད་ལ་སེམས་ཁུར་བྱེད་མི་དགོས་པ། རྩོམ་གྱི་འབྲི་སྟངས་ཀྱི་ཆ་ནས་ཀྱང་རང་དགར་ཡིན་པ་དང་འགྲེམ་སྤེལ་གྱི་དུས་ཚོད་མགྱོགས་པ། དེ་ནས་ཀློག་མཁན་མང་བོ་ཡོད་པ། ཡང་ཁ་ཤས་ཀྱིས་དྲ་རྩོམ་དེ་སྲོལ་རྒྱུན་རྩོམ་རིག་དང་(འདི་ནས་སྲོལ་རྒྱུན་རྩོམ་རིག་ ཞེས་པ་དེ་ནམ་རྒྱུན་དུས་དེབ་སོགས་སུ་སྤེལ་བའི་རྩོམ་རིག་ལ་ཟེར་)མི་འདྲ་བའི་ཁྱད་པར་དང་ལེགས་ཆ་དེ་ཡིན་ན་། མི་མང་གི་འཚོ་བ་དང་ཐག་ཉེ་པོ། རང་དགར་ཅི་འདོད་བརྗོད་ཆོག་པ་དེ་རེད་ཟེར་། ཡང་ཁ་ཤས་ཀྱིས་དེར་གདོང་ལེན་གྱི་རང་བཞིན་ཆེན་པོ་ཡོད་པས་། རྩོམ་རིག་གསར་རྩོམ་གྱི་ཆུ་ཚད་ངེས་ཅན་མེད་ནའང་རྩོམ་འབྲི་བར་དགའ་མོས་ ཆན་པོ་ཡོད་པ་ཚོའི་འདོད་བློ་སྐོང་ཐུབ་ཀྱི་ཡོད་ཟེར་། ཡང་ཁ་ཤས་ཀྱིས་དེས་ཀློག་པ་པོ་དང་རྩོམ་པ་པོ་གཉིས་བར་ལམ་སང་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས་ནས་། མི་རྣམས་ ཀྱི་རང་གཤིས་འབུར་དུ་ཐོན་པར་སྐུལ་འདེད་བྱས་ཏེ་། རྩོམ་རིག་དེ་མང་ཚོགས་རང་ བཞིན་ཅན་དུ་གྱུར་ནས་དེ་མི་ཉུང་ཤས་ཤིག་ཁོ་ནར་དབང་པའི་ཁྱད་རྫས་ཀྱི་རྣམ་པ་ བསྒྱུར་ཡོད་ཟེར་། མི་ཚང་མ་འདྲ་མཉམ་དང་། རྩོམ་རིག་ལ་དགའ་བའི་མི་མང་པོ་ཞིག་གིས་ རྩོམ་མང་པོ་འབྲི་གི་ཡོད་ནའང་དུས་དེབ་སོགས་སུ་འགྲེམ་སྤེལ་བྱེད་མ་ཐུབ་པར་ལྷག་ པའི་གནས་སྟངས་དེར་འགྱུར་བ་ཐེབས་ནས་།རྩོམ་རིག་ནི་འཚོ་བ་དངོས་ལས་བྱུང་བའི་ མཚན་ཉིད་དེ་མངོན་འགྱུར་བྱས་ཏེ།ཐོན་ས་དམངས་ཁྲོད་ཡིན་པའི་རྩོམ་རིག་སྒྱུར་རྩལ་ འདི་ཡང་བསྐྱར་མི་མང་ཁྲོད་སླེབས་ཏེ་།ང་ཚོེར་རྩོམ་རིག་གསར་གཏོད་ཀྱི་སྤྲོ་ སེམས་ཉམས་སུ་མྱོང་བར་བཅུག་པའི་གོ་སྐབས་རེག་པ་མ་ཟད་།ནམ་རྒྱུན་རང་གཞན་ལས་ འཕགས་པར་བརྩི་བའི་སྲོལ་རྒྱུན་གྱི་རྩོམ་འབྲི་བ་དེ་དག་ལ་ཁྱོད་ཚོས་སྒྲུབ་ཐུབ་པ་དེ་ངས་ཀྱང་བསྒྲུབ་ཐུབ་པའི་སློབ་གསོ་གོ་སྐོན་བྱས་ཡོད་
དེ་བཞིན་རྩོམ་རིག་དང་མིའི་བར་གྱི་འབྲེལ་ཐག་ཉེ་རུ་གྱུར་ནས་། ཚང་མས་མཉམ་དུ་ གསར་རྩོམ་དང་ལོངས་སུ་སྤྱོད་པ་། བསམ་ཚུལ་བརྗེ་རེས་བྱས་ཏེ་རང་ཉིད་ཀྱི་ཤེས་ཡོན་ མངོན་པར་བྱས་པ་མ་ཟད་། ནམ་རྒྱུན་རྩོམ་རིག་ལ་དགའ་བོ་ཡོད་ཀྱང་རང་གིས་རང་ལ་ཡིད་ ཆེས་མེད་པའི་མི་དེ་དག་ལའང་རིམ་གྱིས་སྐུལ་མ་ཐེབས་ནས་རྩོམ་རིག་གི་ལམ་ཁར་གོམ་ པ་དང་པོ་སྤོ་བར་སྐུལ་ལྕག་བྱས་ཡོད་། ད་གོང་ནས་བརྗོད་པ་ནི་གནས་འཕྲིན་དྲ་བའི་ རྩོམ་རིག་གི་དགེ་མཚན་ཕྱོགས་རེད་། དེ་བཞིན་དངོས་པོ་གང་ཞིག་ལ་དགེ་མཚན་དང་ སྐྱོན་ཆ་གཉིས་ཀ་ལྡན་པ་བཞིན་། སྤྱིར་ཚན་རིག་ལག་རྩལ་ཡར་རྒྱས་ཀྱི་ལོ་རྒྱུས་ནང་། ཚན་རིག་ལག་རྩལ་ནི་གྲི་ཁ་གཉིས་མ་ནང་བཞིན་ཡིན་པ་བདེན་དཔང་བྱེད་བཞིན་ཡོད་ལ། དེའི་འགྲོ་བ་མིའི་རིགས་ཀྱི་ཡར་རྒྱས་ལ་དགེ་མཚན་ལྡན་པའི་ཆ་ཞིག་ཡོད་ནའང་། འགྲོ་ མ་མིའི་རིགས་ལ་གནོད་པའི་ཆའང་ཡོད་པས་། གནས་འཕྲིན་དྲ་བ་དེའང་བརྡ་འཕྲིན་སྤྱི་ ཚོགས་ཁྲོད་གསར་དུ་དར་བའི་དངོས་པོ་ཞིག་ཡིན་པས་ཆ་ནས་། སྐྱོན་ཆ་ཡོད་པ་སྨྲས་མ་ དགོས་པ་ཡིན་ཞིང་། དེར་མཉམ་འཇོག་བྱེད་རྒྱུ་གལ་ཆེན་པོ་རེད་། དྲ་རྩོམ་གྱི་སྐྱོན་ ཆ་ཡིན་ན་། ཁ་ཤས་རྩོམ་རིག་གི་ཚད་གཞི་དང་མི་འདང་པ། ཁ་ཤས་ཀྱིས་སྤྱི་ཚོགས་ལ་འགན་མི་ཁུར་བར་རང་སྣང་གང་ཤར་འདོད་འདོད་ཚང་མ་བཤད་པ།ཡང་ཁ་ཤས་ཀྱིས་རང་ཉིད་ཀྱི་མཚན་སྙན་གྲགས་རྒྱས་ཆེད་ཐལ་དྲགས་ཀྱི་ནང་དོན་འབྲི་བ། བསམ་གཞིགས་གཏིང་ཟབ་མོ་མི་ གཏོང་པ། སྟོང་བསམ་གྱིས་སྦག་ནས་དངོས་ཡོད་འཚོ་བ་དང་ཁ་གྱེས་པ་སོགས་རེད་ལ། དེང་སྐབས་བོད་ཕྱི་ནང་གཉིས་སུ་ཚང་མས་དགའ་མོས་བྱེད་པའི་བོད་ཡིག་གི་དྲ་གནས་ཡིན་ན་མཆོད་མེ་། བོད་ཀྱི་རྩོམ་རིག་དྲ་བ་དང་བོད་ཀྱི་སྐད་ཡིག ཧི་གཟུགས་ཟིན་བྲིས། འོད་དཀར་དྲ་ཚིགས། ཁ་བརྡ། བོད་ཀྱིི་དུས་བབ། བོད་ཀྱི་བང་ཆེན་སོགས་མང་པོ་ཞིག་ཡོད་ལ། ཁོམ་སྐབས་རེ་ཡོད་དུས་དེ་དག་ལ་ལྟ་ཀློག་བྱེད་བཞིན་ཡོད་། དྲ་ཚིགས་དེ་དག་དངོས་གནས་ཡག་པོ་རེད་། ཡིན་ནའང་བེད་སྤྱོད་མཁན་གྱི་རིག་གནས་ཤེས་ཡོན་གྱི་མཐོ་དམའ་ལས་བར་ཁྱད་ཀྱང་ཆེན་པོ་ཡོད་ལ་། ཁ་ཤས་སུ་ཡིག་ནོར་མང་བ་དང་ཚིག་གི་སྡེབ་སྦྱོར་གྱི་ཆ་ནས་ཡིན་ཡང་སྐྱོན་ཆ་མི་ཉུང་བ་ཡོད་ཀྱང་རུང་། གང་ལྟར་བོད་གཞིས་བྱེས་དང་སེར་ སྐྱ་ཕོ་མོ་། སྐྱེས་ཆེན་དམ་པ་དང་སྤྱིར་བཏང་གི་མི་དཀྱུས་མ་། སུ་ཞིག་ཡིན་རུང་ད་བར་བོད་ཡིག་གི་ལམ་ནས་ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱི་བར་གསེང་འདི་འདྲ་ཞིག་རེག་ མྱོང་ཡོད་མ་རེད་། དེ་བས་འདི་དངོས་གནས་རྩ་ཆེན་པོ་དང་མུ་མཐུད་དུ་ང་ཚོ་བསྐྱོད་དགོས་པའི་ལམ་ཞིག་རེད་སྙམ། ནམ་རྒྱུན་ཁོམ་ལོང་རེ་བཙལ་ནས་དྲ་ཚིགས་དེ་དག་ལ་ལྟ་དུས་དངོས་གནས་དྲང་གནས་ནང་དོན་དང་རྩོམ་རྩལ་གྱི་ཆ་ནས་རིན་ཐང་ཆེན་པོ་ཡོད་པའི་བརྩམས་ཆོས་རྣམས་ཀྱི་ཁ་ངོ་ས་རྡུལ་གྱིས་ཁེངས་ནས་ཐ་ན་མཆན་བུ་ཞིག་ཀྱང་འཇོག་མཁན་ ཡང་མེད་པར་ལྷག་ཡོད་ལ། དེ་ལས་ལྡོག་སྟེ་གང་ཟག་སྒེར་བའི་མཚན་མཐོང་དང་ཡང་ན་མཚང་འདྲི་བྱེད་པར་རྗེས་བསྙེགས་ཀྱིས་མི་གང་དེའི་བརྩམས་ཆོས་ཀྱི་རྩོམ་རིག་རིན་ཐད་ དོ་སྣང་མེད་པར། སོ་སོའི་དགའ་མོས་ཆགས་སྡང་ལ་ཕྱོགས་ཞེན་འཐེན་འཁྱེར་གྱིས་འགྲོ་ བ་ཞིག་མཐོང་སོང་། ཡིན་ནའང་གནས་འཕྲིན་དྲ་བ་ནི་གནས་ཚུལ་བརྒྱུད་སྤྲོད་ཀྱི་ལམ་ཁ་ཞིག་ཡིན་པས་ཆ་ནས་། ང་ཚོ་ཚང་མ་ཐུན་མོང་གིས་དེའི་ནང་དོན་ཇེ་ཕྱུག་ཏུ་གཏོང་དགོས་ལ། མི་ཁ་ཤས་ཀྱིས་དེར་རིན་ཐང་ལྡན་པའི་ནང་དོན་ཁ་སྣོན་བྱེད་ཀྱི་རེད་། ཡང་ཁ་ཤས་ཀྱིས་གད་སྙིགས་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་རེད་། འདི་དག་ཚང་མ་ང་ཚོ་གནས་འཕྲིན་དྲ་བ་བེད་སྤྱོད་བྱེད་མཁན་ཡིན་པས་ཆ་ནས་རང་ཉིད་ལ་དེ་དག་དབྱེ་འབྱེད་ཀྱི་ ནུས་བ་དགོས་པ་རེད་། གནས་འཕྲིན་དྲ་བ་ནི་ལག་ཆ་ཞིག་ཡིན་ལ། ང་ཚོ་ནི་ལག་ཆ་དེ་བེད་སྤྱོད་བྱེད་མཁན་ཡིན་པས་ཆ་ནས། ལག་ཆ་ཡི་དགེ་སྐྱོན་དེ་ལག་ཆ་བེད་སྤྱོད་བྱེད་མཁན་གྱི་མི་ལ་རག་ལས་ཡོད་པར་འདོད་།།

གཡུ་ཞུན་དྲ་བ་ནས་འདིར་བཀོད།



གྲྭ་ས་གྲྭ་རྒྱུན་གྱི་སྟོང་རྒྱུའི་དན་རྟགས་ཤར་བ།

གདན་ས་གསུམ་གཙོས་རིས་མེད་ཀྱི་ཆོས་སྡེ་ཁག་གིས་ད་ལྟ་དབར་དུ་གྲྭ་རྒྱུན་གྱི་ཐད་དུ་བསམ་བློ་བཏང་མྱོང་མེད་ལ། ད་ལྟ་ཡང་རེ་ཟུང་གིས་མ་གཏོགས་གཏོང་གིན་མི་འདུག  ཡིན་ནའང་། ངས་བལྟས་ན་འདི་ནས་བརྩིས་པའི་ལོ་ངོ་ཉི་ཤུ་སུམ་ཅུའི་རྗེས་སུ་གྲྭ་ས་ཁག་ན་དགོན་པའི་འདུ་ཁང་སྲུང་མཁན་གྱི་གྲྭ་བ་བརྒྱ་སྐོར་ཞིག་ལས་མེད་པ་ཁ་ཚོན་གཅོད་ཐུབ། ངས་ཉིས་སྟོང་བརྒྱད་ནས་ད་ལོའི་དབར་དུ་གྲྭ་རྒྱུན་སྐོར་ལ་ཞིབ་འཇུག་ཅུང་ཙམ་བྱས་པ་ཡིན། ༢༠༠༨་ནས་བཟུང་རྒྱ་ནག་གིས་མཐའ་མཚམས་ཁག་གི་ས་སྒོ་དམ་དྲག་བྱས་པ་ལ་རྟེན་བོད་མི་སྐྱབས་བཅོལ་བ་ཇེ་ཉུང་དུ་ཕྱིན་པ་རེད། སྔོན་མ་༡༩༩༩་ལོའི་ཟླ་མཇུག་ཏུ་ཕྲན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་དུས་གསར་འབྱོར་བ་ཉིས་སྟོང་སུམ་སྟོང་ལྷག་འདུག་མོད། ༢༠༠༨་གྱི་ལོ་མཇུག་ཏུ་གསར་འབྱོར་བའི་གྲངས་ཚད་ཇེ་ཉུང་དུ་ཕྱིན་ཏེ་སྣེ་ལེན་ཁང་དུ་སུམ་ཅུ་བཞི་བཅུ་ལྷག་ཅིག་ལ་སླེབས་པ་རེད། དེ་བཞིན་གྲྭ་ས་ཁག་གི་གྲྭ་རྒྱུན་གྱི་ཁ་གྲངས་ཇེ་ཉུང་དུ་ཕྱིན་པ་རེད། ༢༠༠༠་ལོ་ནས་༢༠༠༧་ལོའི་དབར་དུ་གྲྭ་རྒྱུན་གྱི་ཁ་གྲངས་ཧ་ཅང་མང་བོ་རེད། སྐབས་དེ་དུས་སེར་བྱེས་གྲྭ་ཚང་ལྟ་བུ་ལ་མཚོན་ནས་ཞུས་ན། འཛིན་གྲྭ་གསར་བ་བཅས་དུས་དགེ་འདུན་པ་གྲངས་ཉིས་བརྒྱ་སུམ་བརྒྱ་རེ་ཡོད་པ་རེད། ན་ནིངས་དང་ད་ལོ་ནས་བཟུང་འཛིན་གྲྭ་གསར་བ་རེ་བཙུགས་དུས་བརྒྱ་ཕྲག་ཅིག་ལས་བྱུང་མི་འདུག་ལ། དེའི་ནང་དུ་ཡང་སྔོན་མ་བོད་ནས་སླེབས་ཤིང་ལོ་ཆུང་སེར་བྱེས་སློབ་གྲྭ་ལ་ཞུགས་ཏེ་ད་ལྟ་འཛིན་གྲྭ་བཅུ་བ་ཐོན་ཏེ་ཆོས་གྲྭར་ཞུགས་མཁན་མང་བ་དང་། དེ་ལས་གཞན་ལ་དྭགས་དང་མོན་པ། འབྲུག་པ་དང་སོག་པོ། སྒང་ཏོག་གི་ཕྲུག་གུ་འགའ་རེ་བཅས་རེད། ད་དུང་གྲྭ་ས་ནས་གྲྭ་བ་མང་བོ་ཞིག་ཕ་ཡུལ་དུ་ལོ་ནས་ཟླ་བ་མཐུད་དེ་འགྲོ་བཞིན་པ་རེད། དེ་བཞིན་གདན་ས་ནས་བུད་དེ་ངྷ་ས་གཙོས་ས་གནས་ཁག་ཏུ་འགྲོ་མཁན་ཇེ་མང་རེད། དཔེར་ན། རྒྱ་ནག་གི་གཞུང་ཚབ་སྒོ་འགྲམ་ན་བདུན་ཕྲག་རེ་ལ་གྲྭ་སའི་གྲྭ་བ་ག་ཚོད་ཅིག་སླེབས་འདུག་པ་དེས་ཀྱང་སྡོམ་ཚིག་སྟབས་བདེ་ཞིག་བརྒྱབ་འདུག ཡང་དཔེ་མཚོན་གསལ་བོ་ཞིག་ཞུས་ན། ཕྲན་༡༩༩༩་ལོའི་ཟླ་མཇུག་ཞིག་ལ་ཕྲན་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས་ཡིན།  སྐབས་དེ་དུས་ངའི་འཛིན་གྲྭ་བསྡུས་ཆེན་རེད། ང་འདུག་སའི་བྱ་བྲལ་ཁང་ཚན་གཅིག་པུ་ལ་ངའི་འཛིན་གྲྭ་མི་གྲངས་བདུན་ཅུ་བརྒྱད་ཅུ་ཞིག་འདུག དེ་བཞིན་ངའི་འཛིན་གྲྭ་འོག་མ་ལ་བྱ་བྲལ་ཁང་ཚན་གཅིག་པུ་ལ་བརྒྱ་དང་བརྒྱད་འདུག་ཅེས་ཟེར། ཁོ་ཚོ་གཞུང་གསར་ལ་སླེབས་དུས་ཀྱང་བརྒྱ་ལྷག་ཡོད་པ་རེད། དེ་ལས་ཏྲེ་ཧོར་ཁང་ཚན་ལ་དུ་ཡོད་བཤད་མ་དགོས་པ་རེད། སྤྱིར་བཏང་སེར་བྱེས་གྲྭ་ཚང་གི་ཁང་ཚན་ནང་གི་གྲྭ་རྒྱུན་མང་ཤོས་ཏྲེ་ཧོར་ཁང་ཚན་རེད།  ཡང་ཉིས་སྟོང་དགུ་ལོར་འཛིན་གྲྭ་གསར་བ་བཅས་དུས་བྱ་བྲལ་ཁང་ཚན་ལ་བོད་ནས་གསར་དུ་འབྱོར་མཁན་ཉི་ཤུ་ཟིན་མི་འདུག འདི་ལྟར་བསམ་ན་གྲྭ་ས་གྲྭ་རྒྱུན་གྱིས་སྟོང་རྒྱུ་ཡིན་པ་ཁོ་ཐག་རེད། ཕྱོགས་གཅིག་ནས་རྒྱ་ནག་གིས་གནོད་ཤུགས་སྤྲོད་པ་རེད། ཕྱོགས་གཅིག་ནས་དགོན་སྡེ་ཁག་གི་སློབ་ཚན་རྒྱུན་རིང་བའི་མཐར་ཕྱིན་དུས་མི་ཚེ་རྫོགས་རྒྱུ་ཉེ་འདུག་པས་མང་བོ་ཞིག་དབུ་ཕར་མཐར་ཕྱིན་ནས་བོད་ནང་དང་ས་གནས་གཞན་དུ་འགྲོ་གིན་ཡོད་པ་རེད། ཁག་ཅིག་གིས་སྡུག་རུས་བསྐྱེད་དེ་མུ་མཐུད་དུ་བཞུགས་པ་རེད། ད་ཡིན་ན་བོད་ནས་གྲྭ་རྒྱུན་ཡོང་རྒྱུ་མེད། གཞིས་ཆགས་ཁག་གིས་གྲྭ་ས་ལ་གྲྭ་རྒྱུན་འཇོག་པའི་ལུགས་སྲོལ་དཀོན་པ་བཅས་ཀྱིས་གྲྭ་ས་གྲྭ་བའི་སྟོང་རྒྱུའི་དུས་ཚོད་ཅིག་ཏན་ཏན་མི་འགྱངས་པར་ཡོང་རྒྱུ་རེད།  དེར་མ་ཟད་སེར་བྱེས་གྲྭ་ཚང་ལྟ་བུ་ལ་མཚོན་ན། ལོ་གཉིས་གསུམ་ནང་དུ་བླ་མ་སྤྲུལ་སྐུ་གང་མང་ཞིག་བླ་ལོག་ལབ་ན་མི་འགྲིག་ཀྱང་གྲྭ་ལོག་བྱས་པ་རེད། དེ་བཞིན་མིང་གྲགས་ཅན་གྱི་དགེ་བཤེས་ཀྱང་གྲྭ་ལོག་བྱས་ཡོད་པ་རེད། སྤྱིར་བཏང་གྲྭ་ས་ན་དགེ་བཤེས་ལྷ་རམས་པ་ཨང་དང་པོ་ལེན་མཁན་དེ་འདྲ་གྲྭ་ལོག་བྱས་པ་ཡོད་རེད། གྲྭ་རྒྱུན་གྱི་དཀའ་ངལ་འདི་སེ་ར་གཅིག་བུ་མིན་པར་གདན་ས་གསུམ་དང་རིས་མེད་ཀྱི་དགོན་སྡེ་ཁག་ཏུ་འཕྲད་བཞིན་ཡོད་པ་རེད། ད་ནི་གྲྭ་བས་གྲྭ་བ་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱིན་འདུག་ན་མི་སྐྱ་ཚོ་ལ་བཤད་མི་དགོས་པ་རེད།
ད་ལྟ་གྲྭ་ལོག་ཚོས་རང་ཉིད་གྲྭ་ས་ནས་འདུག་མ་ཐུབ་པ་ལ་འགྲེལ་བཤད་མི་རྒྱག་པར་གྲྭ་ས་ཁག་གི་གནས་སྟངས་སྐྱོ་རབ་དང་སྡུག་གླེང་གིན་ཡོད་པ་རེད། དོན་དངོས་སུ་སོ་སོས་གྲྭ་ས་གྲྭ་ཚང་གི་སྒྲིག་ཁྲིམས་བརྩི་སྲུང་བྱེད་མ་ཐུབ་པ་གླེང་གིན་མེད།ད་ཡིན་ན་ལོ་ནས་ལོ་རེ་གྲྭ་ལོག་དང་ཇོ་ལོག་ཇེ་མང་རེད།  ཡང་སྦེལ་ཀོབ་ཀྱི་དགོན་པ་ཆུང་ཆུང་ཞིག་གིས་སྒང་ཏོག་དང་བལ་ཡུལ་ནས་གྲྭ་རྒྱུན་གྱི་ཕྱིར་ཏུ་བྱིས་པ་ལོ་ཆུང་འགའ་རེ་ཧིན་སྒོར་ལྔ་སྟོང་སྤྲད་ནས་ཉོ་འདུག་ཅེས་ཕྲན་ལ་གསལ་བོ་ལབ་བྱུང་། གདན་ས་གསུམ་དང་དགོན་སྡེ་ཁག་གིས་ད་དུང་གྲྭ་རྒྱུན་ལ་བསམ་བློ་མི་གཏོང་བར་འདུ་ཁང་ཇེ་རྫིག་དང་དཔལ་འབྱོར་འཚོལ་སྒུབ་ཀྱི་ཕྱོགས་སུ་འབད་ནས་དུས་ཚོད་འགྲོ་བཞིན་པ་རེད། གྲྭ་ཚང་འགའ་རེའི་སྒོར་མོའི་ཁ་གྲངས་ལ་གཞིག་ན་བོད་རང་བཙན་ཉོ་རྒྱུ་ཡོད་ཚེ་ཉོ་ཐུབ་ས་རེད་བསམ་སྐྱིད་ཅིག་རེད། ད་དུང་གྲྭ་ཚང་འགའ་རེས་དངུལ་མང་བོ་ཉར་ཏེ་མཐའ་མ་དགེ་འདུན་པའི་ཕྱག་ཏུ་མི་ཕུལ་བར་མི་སྐྱ་འགའ་རེ་དང་རྒྱ་གར་བ་ཚོང་བ་ཆེན་པོ་འགའ་རེའི་ལག་ཏུ་ཤོར་བའི་གནས་ཚུལ་ཁོངས་ལྡན་འདུག དེ་མིན་ལོ་བཅུའི་ཡར་སྔོན་དུ་གྲྭ་ས་ན་རིག་གནས་ཟུར་དུ་སྦྱོང་མཁན་མ་གཏོགས་རིག་མྱོང་མཐོང་མྱོང་མེད། གལ་སྲིད་རིག་གནས་སློབ་མཁན་ཞིག་ཡོད་ཀྱང་གུང་གསེང་ཉིན་མོ་ལས་མི་སྲིད་པ་ཞིག་རེད། ད་ལྟ་འགྱུར་བ་ཕྱིན་ཏེ་བདུན་ཕྲག་རེའི་ནང་དུ་ཐེངས་འགའ་ཤས་ལ་རིག་གནས་སློབ་ཁྲིད་ཀྱི་ཆུ་ཚོད་གཏན་ཁེལ་བྱས་ཡོད། ད་དུང་དབྱིན་ཇི་དང་རྒྱ་ཡིག་སྦྱོང་མཁན་ལོ་བཅུའི་ཡར་སྔོན་དུ་གོ་ཐོས་ཙམ་ལས་དངོས་སུ་རིག་མྱོང་མེད་མོད། ཁ་སང་དེ་རིང་བདུན་ཕྲག་རེའི་ནང་དུ་དབྱིན་ཇི་འཛིན་གྲྭ་དང་རྒྱ་ཡིག་འཛིན་གྲྭ་འཚོགས་ཀྱིན་ཡོད་པ་རེད། དེ་མིན་ཁམས་ཚན་འགའ་རེས་དབྱིན་ཇི་དང་རྒྱ་ཡིག་ལ་དོ་སྣང་ཙམ་མིན་པར་ནང་ཆོས་ལས་ཀྱང་གལ་ཆེ་བརྩིས་ཏེ་སློབ་ཁྲིད་དུ་མ་ཡོང་ན་ཉེས་ཆད་གཅོད་པ་དང་། ཟླ་བ་འགའ་རེའི་རྗེས་དབྱིན་ཇི་ཡིག་རྩལ་བཏང་སྟེ་བྱ་དགའ་ཡང་སྟེར་རྒྱུའི་ལམ་སྲོལ་དར་འདུག དེ་ནི་ང་ཚོ་བྱ་བྲལ་ཁམས་ཚན་གཙོས་དར་བ་ཞིག་རེད། འདི་ཡར་རྒྱས་དང་གོང་འཕེལ་ཞིག་ཡིན་མིན་དེ་ངས་བཤད་ཁག་པོ་རེད། འོན་ཀྱང་གནས་སྟངས་དངོས་གནས་དེ་འདྲ་ཆགས་འདུག དེ་མིན་ནང་ཆོས་ཀྱི་དཔེ་ཁྲིད་ལ་མ་སོང་ཡང་ཆད་པ་གཅོད་མཁན་ཞིག་རིག་རྒྱུ་གོ་རྒྱུ་མེད། ཕྲན་ལ་མཚོན་ན་དབྱིན་ཇི་མ་ཤེས་ནས་དཀའ་ངལ་གང་མང་འཕྲད་མྱོང་། དེའི་ཕྱིར་ད་ལོ་ནས་བཟུང་དབྱིན་ཇི་སྦྱོང་དགོས་བསམ་ཡོད། ཕྱོགས་གཅིག་ནས་དབྱིན་ཇི་དང་རྒྱ་ཡིག་སྐོར་ནས་ཕལ་ཆེ་བས་ཟ་འཐུང་ཙམ་གྱིས་མགོ་ཐོན་ཡོད་མེད་དོགས་གནས་རེད། གང་ལྟར་༧གོང་ས་མཆོག་གི་བཀའ་སློབ་ལས་ཚན་རིག་དང་ནང་ཆོས་ཟུང་འབྲེལ་བྱེད་རྒྱུ་དང་དེང་དུས་ཀྱི་གྲྭ་བ་ཞིག་བྱེད་རྒྱུ་གལ་ཆེ་ཞེས་པའི་དོན་ལ་གོ་ནོར་ཞིག་ཐེབས་ཨེ་འདུག་བསམ་པ་བྱུང་། ༧གོང་ས་མཆོག་གི་དགོངས་གཞི་ནི་ནང་ཆོས་དང་ཚན་རིག་ཟུང་འབྲེལ་དང་དེང་དུས་ཀྱི་གྲྭ་བ་གསུངས་པ་དེ་ནི་ཕལ་ཆེར་ངས་བལྟས་ན་དབྱིན་སྐད་སྟེང་ནས་ནང་ཆོས་ངོ་སྤྲོད་བྱེད་ཐུབ་པ་ལ་གོ་རྒྱུ་རེད་བསམ།
གང་ལྟར་དབྱིན་སྐད་དང་རྒྱ་སྐད་ཤེས་ན་ཕྲན་ལ་དགའ་རྒྱུ་ཞིག་ལས་སྡུག་རྒྱུ་མེད། འོན་ཀྱང་ནང་ཆོས་ཕྱོགས་ཀྱི་འཐུས་ཤོར་འདི་ལ་ཐུགས་བསམ་རེ་བཞེས་རྒྱུ་གལ་ཆེན་དང་དོན་ཆེན་རེད་སྙམ། ཡིན་ཡང་རང་ཉིད་ཀྱིས་ནང་ཆོས་སྦྱོང་ནས་དག་དག་བཟོས་ཡོད་ཅེས་ཁ་ཤོམ་འཐེན་པ་མིན། རང་ཉིད་ནང་ཆོས་དང་དགོན་སྡེ་ལ་ཤ་ཞེན་ཟམ་མོ་ཞིག་ཡོད་པས་གྲྭ་རྒྱུན་སྐོར་དང་དགོན་པའི་གནས་སྟངས་འགའ་རེ་ལ་ལས་སྣེ་ཚོས་བསམ་བློ་གཏོང་དགོས་པ་འདྲ་ཞེས་རེ་སྐུལ་གྱིས་ཚུལ་དུ་ཞུས་པ་ཡིན།
ནང་ཆོས་གཙོ་བོར་འཛིན་མཁན་གདན་ས་ཁག་གཙོས་རིས་མེད་ཀྱི་ཆོས་སྡེ་ཁག་ཡིན་ཞེས་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་རེད། དེར་མ་ཟད་ཉེ་ཆར་༧གོང་ས་མཆོག་གིས་འདིའི་ཕྱོགས་སུ་ཐུགས་བསམ་བཞེས་ཏེ་ཧི་མ་ལ་ཡའི་རི་རྒྱུད་ཁག་ཏུ་ཁྱེད་ཅག་གིས་བོད་ཀྱི་རིག་གཞུང་ལ་བདག་སྐྱོང་བྱེད་དགོས་པ་རེད་ཅེས་བཀའ་ཕེབས་པ་རེད། དེ་མིན་ལོ་འགའི་སྔོན་དུ་༧གོང་ས་མཆོག་གིས་གྲོང་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་ནང་ཆོས་ཀྱི་མཚན་ཉིད་འཛུགས་དགོས་པའི་བཀའ་སློབ་དེའི་དགོངས་དོན་ངས་ཚོད་དཔག་ལྟར་ན་དེ་ལྟར་ཡིན་རྒྱུ་རེད་བསམ། སྤྱིར་བཏང་བོད་ནང་གི་དགོན་སྡེ་ཁག་ཏུ་གྲྭ་བ་བཟོ་མཁན་ཇེ་ཉུང་དང་གྲྭ་བ་ལོག་མཁན་ཇེ་མང་རེད། སྔོན་མ་ངའི་ཕ་ཡུལ་ནས་གྲྭ་བ་ལོག་ན་ཕོ་གསར་ག་འདྲ་རྫིག་ཀྱང་བུ་མོ་རག་ཁག་པོ་རེད། དེ་ནི་སྲོལ་རྒྱུན་གྱིས་གནོད་ཤུགས་འོག་ནས་གྲྭ་ལོག་གྱི་གྱོན་པ་ལ་དགེ་ཤན་དང་གྲྭ་ལོག་ལབ་དུས་ཕལ་ཆེར་ལམ་འགྲོ་མི་རྒྱུགས་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། ད་ལྟ་གྲྭ་ལོག་ལ་ལྟ་སྟངས་དེ་འདྲ་མེད་པ་མ་ཟད་གྲྭ་ལོག་མག་པ་རག་ན་འཇོན་པོ་དང་ཆུང་མ་ལ་བྱམས་སེམས་ཆེ་བ་ཞིག་ཏུ་ངོས་འཛིན་བྱས་ཏེ་ད་ལྟ་ངའི་ཕ་ཡུལ་གྱི་གཞིས་དགོན་ནས་ལོ་ལྔ་བཅུ་སླེབས་མཁན་དེ་འདྲ་གྲྭ་ལོག་པའི་གནས་ཚུལ་གོ་མྱོང་། དེ་མིན་དགོན་སྡེ་ཁག་མང་བོ་ཞིག་ཏུ་གནས་ཚུལ་དེའི་རིགས་དར་ཁྱབ་འགྲོ་བཞིན་པའི་སྒང་རེད། གྲྭ་ས་གྲྭ་རྒྱུན་གྱི་སྟོང་རྒྱུ་ཡིན་པ་མང་བོ་ཞིག་གིས་ཤེས་ཀྱིན་མེད་པ་འདྲ། ད་དུང་འདུ་ཁང་གསར་བཞེངས་དང་ཁང་ཚན་གསར་རྒྱག་ལ་བྲེལ་འདུག ངས་བལྟས་ན་འདུ་ཁང་གསར་དུ་རྒྱག་མི་དགོས་པར་འདུ་ཁང་ནང་དུ་འདུག་མཁན་གྱི་ཕྱོགས་སུ་ཐབས་བརྒྱ་ཇུས་སྟོང་འཐེན་དགོས་པ་འདྲ་སྙམ། འདི་ནི་གྲྭ་ས་གྲྭ་རྒྱུན་གྱི་སྟོང་རྒྱུའི་ཉེན་ཁའི་ཕྱོགས་ཙམ་གླེང་བ་ཡིན། ངས་གྲྭ་ས་གྲྭ་རྒྱུན་གྱི་སྟོང་རྒྱུ་རེད་ཟེར་དུས་བོད་ཀྱི་ཆོས་སྡེ་ཆེན་མོ་གདན་ས་གསུམ་གཙོས་བོད་ཀྱི་རིས་མེད་ཀྱི་དགོན་སྡེ་ལ་ལབ་ཡིན། ད་དུང་བོད་ཀྱི་གྲྭ་བ་མ་ཡིན་པས་གྲྭ་ས་ལ་ཁྲི་ཕྲག་ཅིག་འདུས་ཀྱང་ངས་ཟེར་བཞིན་པའི་གྲྭ་ས་དེ་སྟོང་ཚར་བ་ཡིན་པ་ཐུགས་འཇགས་འཚལ། ཡང་གྲྭ་ས་གྲྭ་རྒྱུན་གྱིས་སྟོང་རྒྱུ་རེད་ལབ་དུས་འགའ་ཤས་ཤིག་གིས་རྟེན་འབྲེལ་མི་ལེགས་པ་ཞིག་ཏུ་ངོས་འཛིན་བྱས་ན་ཁྱེད་རང་གིས་སྡུག་ལག་པས་བླངས་ནས་ཐོད་པར་བཞག་ཅེས་པ་ལས་མ་འདས་སོ།།༢༠༡༠་ལོའི་༧་ཚེས་༧་ཉིན་བྲིས་པའོ།།