རྩོམ་རིག་གི་བླ་སྲོག ཨ་རིག་དགེ་མཐོང་།

རྩོམ་རིག་གི་བླ་སྲོག   ཨ་རིག་དགེ་མཐོང་།
ངས་ཁྱེད་ལ་ལན་རེ་སྐད་ཆ་སྐྱིད་པོ་བཤད་སྲིད་ལ། ངས་ཁྱེད་ལ་མཚམས་རེ་མི་སྙན་པའི་གཏམ་ཡང་བཤད་སྲིད།གང་ལྟར་ཡང་ཕན་ཚུན་ལ་དྲ་གྲོགས་ཤིག་གི་འདུ་ཤེས་འཛིན་དགོས།

ཟིན་བྲིས་འདི་བདེ་བླག་ངང་གཟིགས་ཐུབ་ཆེད་ཁྱེད་ཀྱི་རྩིས་འཁོར་གྱི་ནང་དུ་བྱུང་ན་ Windows Vista གཞི་རྩའི་མ་ལག་ཡོད་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་མར་མཐར་ཡང Microsoft IE7 གནས་འཕྲིན་དྲ་བའི་འཕྲུལ་ཆས་དེ་ངེས་པར་ནང་འཇུག་བྱེད་དགོས།།

སྔོན་སྤེལ་ཟིན་བྲིས།

ཟླ་རེའི་ཟིན་བྲིས་སྤེལ་གྲངས།

ཟིན་བྲིས་གསར་ཤོས་གྲངས་བཅུ།

བོད་མིའི་སེམས་ཀྱི་མར་ལོ།

ས་སྟེང་འདི་ན་མེ་ལྟར་འབར་བའི་སྐྱེས་བུ་ཞིག།
གནམ་འོག་འདི་ན་འོད་ཀྱིས་བཞུད་པའི་སྟོན་པ་ཞིག།
འཇིག་རྟེན་འདི་ན་བྱམས་བརྩེ་བསྐྲུན་པའི་དྲིན་ཆེན་ཞིག།
ཕྱི་ནང་བར་ན་གྲུབ་མཐའ་རིས་མེད་གཟིགས་མཁན་ཞིག།

འཛམ་གླིང་ཧྲིལ་བོ་དྲང་བདེན་ཕྱག་གི་མཐིལ་དུ་ཉར།།
བོད་མིའི་བདེ་སྡུག་ཤར་ནུབ་རྒྱལ་ཁབ་ཡོངས་ལ་བསྒྲགས།།
གཞིས་བྱེས་གཉིས་ཀྱི་གནས་སྟངས་ཐུགས་ཀྱི་དཀྱིལ་དུ་བཟུང་།།
ཆོལ་གསུམ་མཐུན་སྦྲེལ་གསེར་གྱི་དར་ཐག་ཁྱེད་ཀྱིས་འཐེན།།

གོ་ལའི་སྟེང་གི་རྒྱལ་ཁབ་ཕལ་ཆེར་ཁྱེད་ལ་དགའ་དྲགས་ནས།།
རིན་ཆེན་ཕྱག་ཁྱེར་གྲངས་མེད་ཁྱེད་ལ་ཕུལ་ན་ཡང་།།
དད་ལྡན་བོད་མའི་སེམས་ཀྱི་གུས་འདུད་དྭངས་མ་འདི།།
གསེར་དངུལ་ཡོད་ཚད་གཅིག་ཏུ་སྤུངས་ཀྱང་འགྲན་ཟླ་མེད།།

ཟིན་བྲིས་འདིའི་བདག་དབང་ཆ་ཚང་ཨ་རིག་དགེ་མཐོང་ལ་ཡོད། ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།. Powered by Blogger.

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།

དྲ་ཚིགས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
snws2010@hotmail.com
Friday, October 15, 2010
 ངས་རྒྱུན་རིང་བོ་ཞིག་ལ་བོད་ཀྱི་ཡ་རབས་སྤྱོད་བཟང་ཞེས་པའི་མིང་ཚིག་འདིའི་དོན་ལ་བསམ་གཞིག་ཅིག་བཏང་བ་ཡིན་མོད། རང་ལ་ཤེས་ཡོན་དམན་དྲགས་པའི་རྐྱེན་གྱིས་འགྲེལ་བཤད་མཐའ་ཆོད་པ་ཞིག་མ་རྙེད།

ཡིན་ནའང་འགྲོ་བ་མི་རིགས་ལ་ཕན་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀུན་སྤྱོད་ཅེས་པའི་དོན་ནི་འདི་ལྟར། ཀུན་ཞེས་པ་ནི་སྤྱིར་སྣ་ཚོགས་པའི་དོན་དུ་འཇུག་ཀྱང་། སྐབས་འདིར་ཀུན་ཞེས་པ་ནང་བསམ་བློའི་ཀུན་སློང་ལ་གོ་ན་འགྲིག་སྙམ།
 
 སྤྱོད་ཅེས་པ་ནི་སྤྱིར་བེད་སྤྱོད་ཅེས་པའི་དོན་དུ་གོ་ཡང་། འདིར་གཙོ་བོ་མིའི་ལུས་ངག་གི་རྣམ་འགྱུར་སྟོན་སྟངས་ལ་གོ་ན་སྟབས་བདེ་བར་སྙམ།   དེང་སང་མཁས་པ་ཡིན་ཟེར་མཁན་དང་བླ་སྤྲུལ་གྱི་མིང་ཁུར་མཁན་རེ་ཟུང་གིས། གཞོན་སྐྱེས་ཚོ་ལ་བོད་ཀྱི་ཡ་རབས་སྤྱོད་བཟང་གི་གོམས་གཤིས་བཟང་བོ་བརླག་གིན་འདུག  ཁོང་ཚོས་མགོའི་སྐྲ་སེར་བོ་བཟོ་བ་དང་གྱོན་གོས་འདྲ་མི་འདྲ་གྱོན་གྱི་འདུག་ཅེས་ཟེར་གྱི་ཡོད་པ་རེད། ཁྱེད་ཅག་གིས་བོད་ཀྱི་ཡ་རབས་སྤྱོད་བཟང་དེ་འདི་འདྲ་ཞིག་ལ་ངོས་འཛིན་བྱས་ཡོད་ཚེ་ནོར་བ་རེད།

 
ཡ་རབས་སྤྱོད་བཟང་ཞེས་པ་ཀུན་སློང་བཟང་བོ་རང་གཞན་གཉིས་ཀ་ལ་ཕན་སེམས་ཅན་ཞིག་དང་། སྤྱོད་པ་བཟང་བོ། མི་སུ་འདྲ་ཞིག་གིས་མཐོང་ཚེ་དགའ་སྣང་སྟེར་མཁན་ཞིག་ལ་གོ་དགོས་པར་བདག་འདོད་ཅིང་། དེ་མིན་སྐྲ་སེར་བོ་བཟོ་བ་དང་གྱོན་གོས་འདྲ་མིན་གྱོན་པ་ཙམ་གྱིས་བོད་ཀྱི་ཡ་རབས་སྤྱོད་བཟང་གི་གོམས་གཤིས་བརླག་འགྲོ་གི་ཡོད་ཚེ། ༧གོང་ས་མཆོག་གིས་འདིའི་ཐད་དུ། ༼ཡ་རབས་སྤྱོད་བཟང་གི་རྨང་གཞིའི་ཐོག་ནས་འཛམ་གླིང་སྤྱི་ཡོངས་ཀྱི་དོན་དུ་སེམས་ཁུར་མཉམ་ལེན་མ་བྱས་ན།  ང་རང་ཚོ་ད་ལྟ་འཚོ་གནས་མི་ཐུབ་པའི་དུས་ཚོད་གཉན་འཕྲང་ཞིག་ཏུ་གནས་ཡོད།  དེར་བརྟེན་ང་ཚོས་བྱམས་པ་དང་དྲང་བདེན།     འདྲ་མཉམ་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་ང་ཚོ་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་ཡིན།༽ ཞེས་གསུངས་ཡོད་ལ། དེ་ནི་ཡ་རབས་བཟང་སྤྱོད་ཀྱི་གོ་དོན་ངོ་མ་དེ་ཡིན་པར་བདག་འདོད། དེའི་ཕྱིར་དུ་ན་ད་ལྟའི་དུས་འདིར་འགྲོ་བ་མི་རིགས་ལ་བོད་ཀྱི་ཡ་རབས་སྤྱོད་བཟང་ཞེས་པའི་རིག་གནས་འདི་གལ་ཆེ་སྟེ། དེ་མིན་གལ་སྲིད་མི་རྣམས་རང་ཉིད་གཅིག་བུ་དང་རང་གི་རྒྱལ་ཁབ། རང་གི་མི་རིགས་སོགས་སྐྱིད་ཐབས་དང་བདེ་ཐབས་ལ་འབད་མཁན་ཞིག་དང་།མི་གསོད་ཁྲག་སྦྱོར་ལ་མི་འཛེམ་མཁན་ཞིག་ཡིན་ཚེ། འགྲོ་བ་མི་རིིགས་ལ་སྡུག་བསྔལ་དྲག་པོ་ཞིག་སྟེར་རྒྱུ་ལས་སླ་བོ་རེད།  དཔེར་ན། དེང་ཐོག་འཛམ་གླིང་འདིར་སྐར་ཆ་གཅིག་ལ་གོ་ལ་ཟླུམ་པོ་འདི་བསྣུན་ཐུབ་པའི་མཚོན་ཆ་ཡོད་པ་རེད། འདི་འདྲའི་ཉེན་ཁ་ཆེ་བའི་སྐབས་འདིར་བོད་ཀྱི་ཡ་རབས་སྤྱོད་བཟང་ངམ་ཀུན་སྤྱོད་དེ་ངེས་པར་མཁོ་སྟེ། མཚོན་ཆ་གཅིག་གིས་སྐར་ཆ་གཅིག་ལ་གོ་ལ་ཧྲིལ་བོ་གཏོར་བརླག་གཏོང་ཐུབ་ནུས་པ་དེ་རེད། བོད་ཀྱི་ཡ་རབས་སྤྱོད་བཟང་གི་གོམས་གཤིས་ལེགས་པོ་འདི། ད་ལྟ་བོད་ཕྱི་ནང་གི་ཤེས་ཡོན་པར་རློམ་པ་རེ་ཟུང་ཞིག་གིས་ཤོག་སྙིགས་དང་འདྲ་བར་མེ་བསྲེག་གཏོང་དགོས་ཚུལ་བཤད་ཀྱིན་ཡོད་པ་དང་། འདི་འདྲའི་རིན་ཐང་ཅན་གྱི་རིག་གནས་ཤིག་བོར་བརླག་འགྲོ་བ་ལ་ཁོ་ཚོ་ཕངས་སེམས་མེད་པ་མ་ཟད། ད་དུང་བོད་ཀྱི་ཡ་རབས་སྤྱོད་བཟང་དང་རིན་ཐང་ཅན་གྱི་རིག་གནས་འདིའི་དགེ་མཚན་གླེང་མཁན་ཚོ་ཀླད་རྙིང་དང་ལྐུགས་པ་ཡིན་ཚུལ་བརྗོད་ཀྱིན་འདུག ངས་དེ་དག་ལ་ཁ་ཏ་བསླབ་བྱའི་ཚུལ་གྱི་བསམ་འཆར་ཐུང་ངུ་ཞིག་འབུལ་འདོད་སྐྱེས།  ཁྱེད་ཅག་གིས་རིན་ཐང་ཅན་གྱི་རིག་གནས་འདི་དང་རང་གི་མགོན་སྐྱབས་དམ་པ་ཁས་མི་ལེན་ཡང་མི་སྐྱོན། ཁྱེད་ཅག་གིས་ཚད་མར་ཁས་ལེན་པའི་ཤར་ནུབ་ཀྱི་རྒྱལ་ཁབ་ཡར་རྒྱས་ཅན་དང་སྔོན་ཐོན་ཅན། མི་བུ་བསམ་བློ་བ་ཅན་དག་ཁས་ལེན་ཡང་འགྲིག་གི    ཁྱེད་ཅག་ཆེས་དགའ་སའི་རྒྱལ་ཁབ་ཨ་རི་དང་ཡོ་རུབ་ཁུལ་ལྟ་བུར་མཚོན་ནས་བཤད་ན། དེང་སྐབས་ཕྱིའི་དངོས་པོའི་དཔལ་འབྱོར་ཙམ་ལ་མགོ་མི་འཁོར་བར་ནང་བསམ་བློའི་གོ་རྟོགས་ལ་འབད་ཀྱིན་འདུག  དེ་ཡང་ནང་བསམ་བློའི་གོ་རྟོགས་ཟེར་བ་དེ་རྣམ་གྲངས་མང་བོ་ཤེས་མཁན་ཞིག་ལ་ངོས་འཛིན་མི་བྱེད་པར། ནང་སེམས་ཀྱི་ཁ་ཕྱོགས་དེ་རང་གཅིག་བུ་ཙམ་ལ་མི་ཕྱོགས་པར་གཞན་ཕན་སྤྱི་ལ་བསམ་གཞིག་གཏོང་ཐུབ་པ་ཞིག་ལ་གོ་དགོས་པ་རེད།   ད་ལྟ་དུས་ངན་སྙིགས་མ་ལྔ་བདོ་འདིར་ཀུན་སློང་ཡག་པོ་ཞིག་སེམས་ནང་དུ་ཉར་ནས་རྒྱ་ནག་གིས་ཁ་ནས་སྒྲོག་བཞིན་པའི་ཆ་མཐུན་སྤྱི་ཚོགས་ཟེར་བ་དང་འཛམ་གླིང་ཞི་བདེ། ཁོར་ཡུག་སྲུང་སྐྱོབ་ཟེར་བ་སོགས་དོན་དངོས་སུ་ལན་ལེན་དུ་བསྟར་ཐུབ་པ་བྱེད་དགོས།  ང་ཚོས་ཆ་མཐུན་སྤྱི་ཚོགས་དང་མི་རིགས་མཐུན་འབྲེལ་ཟེར་བ་དེ་རང་སྟེང་ནས་འགོ་བཙུགས་ཆོག་སྟེ། དཔེར་ན། དེང་སང་བོད་ཡུལ་དུ་སྟག་གཟིག་དང་དོམ་དྲེད། སེངྒེ་དང་གླང་ཆེན། ཤྭ་བ་དང་དགོ་བ། འཕར་སྤྱང་དང་ཕག་རྒོད། གཙོད་དང་གནའ་བ། རྐྱང་དང་གླ་བ། ཝ་དང་གཡུ་དཀར།འབྲོང་དང་བསེ་རུ། བྱི་བ་དང་རི་བོང་སོགས་་རི་སྐྱེས་སྲོག་ཆགས་དག་དམར་གསོད་བཏང་བ་དེས། མཚོ་དང་མཚེའུ། ནགས་དང་སྤང་ལྗོངས་དག་ཉམ་རྒུད་དུ་འགྲོ་བཞིན་ཡོད་པ་རེད། ཁོར་ཡུག་བཙོག་པ་བཟོས་ནས་རང་བྱུང་ཁམས་ལ་གནོད་འཚེ་གཏོང་གིན་ཡོད་པ་རེད། འདི་དག་ནི་རང་བྱུང་ཁམས་ཀྱི་མཛེས་རྒྱན་རེད། དེས་ན་མཛེས་རྒྱན་དེ་དག་ཉམ་པའི་སྟོབས་ཀྱིས་འབྱུང་བ་བཞི་ཉམ་རྒུད་ཐེབས་ཀྱིན་ཡོད་པ་རེད། འབྱུང་བ་བཞི་ཉམ་དུས་འཇིག་རྟེན་འདི་ཉམ་ངེས་རེད།  སྐལ་བ་འཇིག་དུས་འབྱུང་བ་བཞི་གང་རུང་གིས་ཉམ་དགོས་པ་ཡོངས་གྲགས་རེད།  དེས་ན་རི་སྐྱེས་སྲོག་ཆགས་འདི་དག་གི་ཚེ་སྲོག་བསྲུང་སྐྱོབ་བྱས་ན་འགྲིག་གི་རེད།  ཁོར་ཡུག་གཙང་སྤྲ་ནི་རང་གི་ཉེ་འཁོར་དང་རང་གི་རྒྱལ་ཁབ་བཅས་ནས་འགོ་བརྩམས་ནས་བྱེད་ཆོག་ལ་གྲུབ་འབྲས་ཀྱང་བལྟས་བལྟས་རིག་རིག་ལ་མངོན་གྱུར་དུ་འབྱུང་ངེས།  མདོར་བསྡུས་ནས་བཤད་ན། ཡ་རབས་སྤྱོད་བཟང་ཟེར་ན། གཞན་ཕན་དང་ལྷག་བསམ། དྲང་བདེན་དང་གུ་ཡངས་པོ་ཅན། ལུས་ཀྱི་རྣམ་འགྱུར་སྟོན་སྟངས་ཀྱི་སྒོ་ནས་གཞན་ལ་བདེ་སྐྱིད་དང་ཞི་བདེ་སྐྲུན་ཐུབ་པ།  ངག་གི་སྐད་ཆ་བཤད་སྟངས་ཀྱིས་ཀྱང་གཞན་ལ་ཡིད་ཆེས་ཟབ་མོ་ཞིག་སྟེར་ཐུབ་པ་བཅས་ལ་གོ་དགོས་སོ།། འོན་ཀྱང་བོད་པ་ཞིག་ཡིན་པས་བོད་ཀྱི་ཆས་གོས་གྱོན་དགོས་ལ། བོད་ཀྱི་སྐད་ཡིག་དག་མ་ཞིག་འབྲི་དགོས་ལ་བཤད་ཀྱང་ལོས་དགོས།  ཡིན་ནའང་ཡ་རབས་སྤྱོད་བཟང་ནི་ཀུན་སློང་འཁྱེར་སྟངས་དང་ལུས་དག་གིས་རྣམ་འགྱུར་སྟོན་སྟངས་སོགས་ཀྱིས་སྒོ་འབྱེད་དགོས་པ་འདི་ཡིད་ལ་ཟུངས་ཤིག།དེས་ན་༧གོང་ས་མཆོག་གི་གསུང་ལས་༼གལ་་ཏེ་སྟོབས་ཆེན་རྒྱལ་ཁབ་རྣམས་ནས་ཡ་རབས་སྤྱོད་བཟང་གི་རྨང་གཞིའི་ཐོག་སྲིད་དོན་གྱི་ཐབས་བྱུས་ཤིག་ལག་ལེན་བཀལ་ཏེ་འགྲོ་བ་མིའི་བདེ་སྐྱིད་ལ་བསམ་པ་ཐག་པ་ནས་བཅོས་མིན་གྱི་སེམས་ཁུར་བླངས་ན། མདུན་ལམ་གསར་པ་ཞིག་འཕྲོ་ཐུབ་ངེས་ཡིན། དེ་འདྲའི་གསར་བརྗེའི་ལས་འགུལ་ནི་འཛམ་གླིང་ནང་དྲང་བདེན་དང་འདྲ་མཉམ་གྱི་དམིགས་ཡུལ་འགྲུབ་པའི་ཐབས་བྱུས་གཞན་ཐམས་ཅད་ལས་ཁྱད་དུ་འཕགས་པ་ཞིག་ལ་འགྱུར་གྱི་རེད།  
ངོས་ནས་ཡ་རབས་སྤྱོད་ལ་སེམས་ཁུར་ཤིན་ཏུ་ཆེན་པོ་བྱེད་ཀྱི་ཡོད་པས་འགྲོ་བ་མིའི་གནས་ལུགས་ལ་མཁས་པ་རྣམས་དང་། བྱེ་བྲག་ང་ཚོའི་སྤྱི་ཚོགས་འདི་སྔར་བས་བྱམས་སྙིང་རྗེ་དང་། སྔར་བས་དྲང་བདེན། སྔར་བས་འདྲ་མཉམ་གྱི་ཁེ་དབང་བཅས་ཤིག་ཏུ་འགྱུར་རྒྱུར་ཕན་གྲོགས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་། གསུངས་པ་འདིས་གནས་སྐབས་མཇུག་བསྡུས་པའོ།།

1 བསམ་ཚུལ་འདོན་པ།:

༄༅།། བཙན་པོ་དྲན་གསོ། said...

ཤིན་ཏུ་ལེགས། བཀྲ་ཤིས་བདེ་ལེགས་ཞུ།།
ཀུན་སྤྱོད་སྤྲལ་སྟང་ལ་བསམ་ཚུལ་ཞིག་ཞུས་ན། ཀུན་ཞེས་པ་ནི། ཐམས་བཅས་འང། ་ཡོང་རྫོགས་ ཁྱོན་ཡོང་གི་ཆ་ནས། སྤྱོད་ནི་ སྤྱོད་ལམ་འང་ སྤྱོད་ཚུལ། སྤྱོད་པ། ཀུན་སྤྱོད་ཞེས་པའི་ཐ་སྙད་ཀྱི་དོན་མིན་ནམ་སྙམ།
རྗེ་གུང་ཐང་པའི་གསུང་ལས།
ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད།།
སྨ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད།།
དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་འཞིན།།
ཡོན་ཏན་ཡར་ཚེས་ཟླ་ལྟར་འཕེལ་གྱུར་བས།།
སྒོ་གསུམ་བག་དང་ལྡན་པར་གྱིས་ཤིག་ཨང་།།

ཞེས་གསུང་བ་འཞིན་སྒོ་གསུམ་གྱི་སྐྱོད་པ་ཐ་དག་ལ་དྲན་ཤེས་བརྟན་པོས་བསྲུངས་དགོས་གསུང་ངོ་།།
རྟེན་འབྲེལ་གྱི་ཚུལ་དུ་སྟོན་མིན་བསམ་ཚུལ་ཕུལ་པ་ཡིན།། བདག་ལའང་བསམ་ཚུལ་གསུང་རོག་ཞུ།།
འཕན་པོ་བསྟན་དར་ནས།།